bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian NTB (བོད་འགྱུར་གསར་མ།)
/
1 Samuel 17
1 Samuel 17
Tibetian NTB (བོད་འགྱུར་གསར་མ།)
← Chapter 16
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 26
Chapter 27
Chapter 28
Chapter 29
Chapter 30
Chapter 31
Chapter 18 →
1
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་དམག་རྒྱག་པའི་ཕྱིར་ཡ་ཧུ་དཱ་ལ་གཏོགས་པའི་སོ་གོ་ཞེས་པའི་གྲོང་ཚོ་རུ་དམག་ཚོགས་ཐམས་ཅད་བསྡུས་ནས། སོ་གོ་གྲོང་ཚོ་དང་ཨེ་ཕེ་སི་དམ་མིམ་ཞེས་པའི་ས་ཆའི་ཨ་ཟེ་ཀཱ་གྲོང་ཚོ་གཉིས་ཀྱི་བར་དུ་དམག་སྒར་བཏབ་པ་རེད།
2
སོ་ལོ་དང་ཡེས་ར་ཨེལ་པ་རྣམས་ཀྱང་འཛོམས་ནས། ཨེ་ལཱ་ཡི་ལུང་པ་རུ་དམག་སྒར་བཏབ་སྟེ་ཕེ་ལེ་ཤེད་པ་རྣམས་ལ་གཡུལ་བཤམས་སོ། །
3
ཡང་ཕྱོགས་གཅིག་གི་རི་ལ་ཕེ་ལེ་ཤེད་པ་དང་ཕྱོགས་ཅིག་ཤོས་ཀྱི་རི་ལ་ཡེས་ར་ཨེལ་པ་བསྡད་དེ། དེ་གཉིས་ཀྱི་བར་ལ་ལུང་པ་ཞིག་ཡོད་པ་ཡིན།
4
དེ་ནས་ཕེ་ལེ་ཤེད་པའི་དམག་སྒར་ནས་གཱད་ཡུལ་གྱི་དམག་འཁྲུག་སློང་མཁན་གོལ་ཡད་ཅེས་བྱ་བ་ཐོན་ཞིང་། མི་དེའི་གཟུགས་ཀྱི་རིང་ཚད་ལ་ཁྲུ་དྲུག་དང་མཐོ་གང་ཡོད་པ་དང་།
5
མི་དེའི་མགོ་ལ་ལི་ཡི་རྨོག་དང་། ལུས་ལ་ལི་ཡི་ཁྲབ་གྱོན་ཏེ། ཁྲབ་དེའི་ལྕི་ཚད་ལ་སྲང་ལྔ་སྟོང་ཙམ་ཡོད་པ་རེད།
6
ཁོའི་རྐང་པ་ལ་ལི་ཡི་པུས་ཤུབས་དང་། དཔུང་པ་གཉིས་ཀྱི་བར་ལ་ལི་ཡི་མདུང་ཐུང་ཡོད་པ་ཡིན།
7
ཡང་དེའི་མདུང་རིང་གི་ཡུ་བ་ནི་ཤིན་ཏུ་སྦོམ་སྟེ། དབྱིབས་ནི་བཟོ་འཁོར་གྱི་སྲོག་མདའ་ལྟ་བུ་ཡོད་པ་དང་། མདུང་ལྕེའི་རྣོ་ལྕགས་ཀྱི་ལྗིད་ཚད་ནི་སྲང་དྲུག་བརྒྱ་ཡིན་ཞིང་། མི་དེའི་མདུན་དུ་ཕུབ་འཁུར་མཁན་ཞིག་ཕྱིན་ཏོ། །
8
དེ་ནས་མི་དེ་ལངས་བསྡད་ནས་ཡེས་ར་ཨེལ་གྱི་དམག་ཚོགས་འབོད་ཀྱིན་ན་རེ། ཁྱོད་ཅག་ཕྱི་རུ་འོངས་ནས་དམག་བཤམས་པ་ཅི་ཡིན། ང་ནི་ཕེ་ལེ་ཤེད་པ་དང་། ཁྱོད་ཅག་ནི་སོ་ལོའི་ཞབས་ཕྱི་མ་ཡིན་ནམ། ཁྱོད་རྣམས་ལས་མི་ཞིག་འདེམས་ནས་ངའི་མདུན་ལ་མར་འོང་དུ་ཆུག་ཅིག
9
གལ་ཏེ་ཁོས་ང་དང་འཐབ་ནས་ང་བསད་ན། ང་ཚོ་ཁྱོད་ཅག་གི་གཡོག་པོ་བྱེད་པར་བྱ། གལ་ཏེ་ང་ཁོ་ལས་རྒྱལ་ཏེ་ཁོ་བསད་ན་ཁྱོད་རྣམས་ང་ཚོའི་གཡོག་པོ་བྱེད་པར་འགྱུར་ཞིང་། ཁྱོད་ཚོས་ངེད་ཅག་ལ་ཞབས་ཕྱི་བྱེད་པར་འགྱུར་ཞེས་སྨྲས།
10
ཡང་ཕེ་ལེ་ཤེད་པ་དེ་ན་རེ། དེ་རིང་ངས་ཡེས་ར་ཨེལ་གྱི་དམག་དཔུང་ལ་སྨད་པ་ཡིན། མི་ཞིག་ཐོངས་དང་ཕྱོགས་གཉིས་ཀྱིས་འཐབ་པར་བྱ་ཞེས་སྨྲས་པས།
11
སོ་ལོ་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་གཏམ་དེ་ཐོས་པ་ཙམ་གྱིས་སྙིང་སྟོབས་ཉམས་ཏེ་ཤིན་ཏུ་འཇིགས་སོ། །
12
དཱ་བིད་ནི་ཡ་ཧུ་དཱ་ཡུལ་གྱི་པེད་ལེ་ཧེམ་གྲོང་རྡལ་ནས་ཡིན་པའི་ཨེབ་རཱད་པ་ཡེ་སེ་ཞེས་པ་དེའི་བུ་ཡིན་ལ། ཡེ་སེ་ལ་བུ་བརྒྱད་ཡོད་པ་དང་། སོ་ལོའི་དུས་སུ་ཡེ་སེ་ནི་རྒན་པའི་ཁྲོད་དུ་བརྩིས་སོ། །
13
ཡེ་སེ་ཡི་བུ་ཆེ་བ་གསུམ་ནི་སོ་ལོའི་རྗེས་སུ་དམག་ཏུ་སོང་ཞིང་། དེ་གསུམ་པོ་ལས་བུ་སྐྱེས་འགོའི་མིང་ལ་ཨེ་ལི་ཨབ་དང་། བུ་གཉིས་པའི་མིང་ལ་ཨ་བི་ནཱ་དབ་དང་། བུ་གསུམ་པའི་མིང་ལ་ཤམ་མཱ་ཞེས་ཟེར།
14
དཱ་བིད་ནི་བུ་ཐམས་ཅད་ལས་ཆུང་བ་ཡིན་ཞིང་། ཕུ་བོ་ཆེ་བ་གསུམ་སོ་ལོའི་རྗེས་སུ་ཕྱིན་པ་རེད།
15
དཱ་བིད་སྐབས་རེར་སོ་ལོ་དང་ཁ་བྲལ་ཏེ་པེད་ལེ་ཧེམ་དུ་རང་གི་ཕ་ཡི་ལུག་ཁྱུ་འཚོ་བར་སོང་།
16
ཡང་ཕེ་ལེ་ཤེད་པ་ཁོ་རང་ནངས་དགོང་གཉིས་ཀར་འོངས་ཏེ་ཉིན་བཞི་བཅུའི་བར་དུ་རང་གི་རྩལ་བསྟན་ཏོ། །
17
དེ་ནས་ཡེ་སེ་ཡིས་རང་གི་བུ་དཱ་བིད་ལ་ཁྱོད་རང་དམག་སྒར་དུ་སོང་ཞིག གྲོ་ཡོས་ཨེ་ཕཱ་གཅིག་དང་བག་ལེབ་བཅུ་པོ་འདི་ཁྱེར་ནས་དེ་དག་ཁྱོད་ཀྱི་ཕུ་བོ་རྣམས་ལ་སྤྲོད་ཅིག
18
ཡང་དེ་དག་གི་སྟོང་དཔོན་ལ་འོ་ཐུད་བཅུ་པོ་འདི་ཁྱེར་ཏེ། སྤུན་ཟླ་རྣམས་ཀྱི་གནས་ཚུལ་ལ་བལྟས་ནས་དེ་དག་གི་ཕྱོགས་ནས་རྟགས་ཤིག་འཁྱེར་ཤོག་ཅེས་ཟེར་བའི་སྐབས་སུ།
19
སོ་ལོ་དང་དཱ་བིད་ཀྱི་ཕུ་བོ་གསུམ་པོ་དང་ཡེས་ར་ཨེལ་པ་ཐམས་ཅད་ཕེ་ལེ་ཤེད་པ་རྣམས་དང་འཐབ་ཕྱིར་ཨེ་ལཱ་ཞེས་པའི་ལུང་པར་བསྡད་ཡོད་པ་རེད།
20
དཱ་བིད་ནངས་སྔ་མོ་ལངས་ནས་ལུག་ཁྱུ་ནི་སྲུང་མཁན་ཞིག་ལ་བཅོལ་ཏེ། ཡེ་སེའི་བཀའ་བཞིན་དུ་རྒྱགས་ཆས་ཁུར་ནས་སོང་བ་དང་། དམག་སྒར་དུ་སླེབས་པའི་ཚེ་དམག་ཚོགས་ནི་གཡུལ་ས་རུ་འགྲོ་ཞིང་གད་རྒྱངས་བསྒྲགས་སོ། །
21
ཡེས་ར་ཨེལ་དང་ཕེ་ལེ་ཤེད་པ་གཉིས་ཀྱིས་ཕན་ཚུན་ཁ་གཏད་དུ་དམག་བཤམས་པ་རེད།
22
དེ་ནས་དཱ་བིད་ཀྱིས་རང་གི་རྒྱགས་ནི་སྲུང་དམག་གི་ལག་ཏུ་བཞག་སྟེ། གཡུལ་ས་རུ་བརྒྱུགས་ཤིང་སྤུན་ཟླ་རྣམས་ལ་ཁམས་འདྲི་བྱས་ནས།
23
དེ་དག་དང་མཉམ་དུ་གཏམ་བྱས་པ་ལ། དམག་ཚོགས་ཀྱི་ནང་ནས་གཱད་ཡུལ་གྱི་ཕེ་ལེ་ཤེད་པ་གོལ་ཡད་ཅེས་བྱ་བའི་དམག་འཁྲུག་སློང་མཁན་དེ་ཐོན་ནས་སྔར་བཞིན་གཏམ་སྨྲས་པ་དཱ་བིད་ཀྱིས་ཐོས།
24
ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་མི་དེ་མཐོང་བའི་ཚེ་ཤིན་ཏུ་འཇིགས་ཤིང་དེའི་མདུན་ནས་བྲོས་སོ། །
25
དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས། ཡར་འོང་བའི་མི་དེ་མཐོང་ངམ། མི་དེ་ནི་ཡེས་ར་ཨེལ་ལ་སྨད་པའི་ཕྱིར་འོང་བར་ངེས། སུ་ཞིག་གིས་མི་དེ་བསད་ན། དེ་ལ་རྒྱལ་པོས་རྒྱུ་ནོར་མང་པོ་དང་ཉིད་ཀྱི་སྲས་མོ་གནང་ཞིང་། དེའི་ཕ་ཡི་ཁྱིམ་ལ་ཁྲལ་མི་འཕོག་པར་བྱ་ཞེས་པ་ཐོས་པས།
26
དཱ་བིད་ཀྱིས་རང་གི་གམ་དུ་ཡོད་པའི་མི་དེ་དག་ལ། ཕེ་ལེ་ཤེད་པ་བསད་ནས་ཡེས་ར་ཨེལ་གྱི་ངོ་ཚ་འདི་མེད་པར་གཏོང་མཁན་ལ་ཇི་ལྟར་བྱ་འོས། གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཁོང་གི་དམག་དཔུང་ལ་སྨད་པའི་ཕེ་ལེ་ཤེད་པ་མཚན་སྐྱི་མ་བཅད་པ་འདི་སུ་ཡིན་ཞེས་སྨྲས་པའི་ལན་དུ།
27
མི་རྣམས་ཀྱིས་སྔར་སྨྲས་པའི་གཏམ་བཞིན་ཁོ་ལ། ཕེ་ལེ་ཤེད་པ་གསོད་པའི་མི་ལ་འདི་དང་འདི་བྱའོ་ཞེས་སྨྲས་སོ། །
28
དཱ་བིད་ཀྱི་ཕུ་བོ་ཨེ་ལི་ཨབ་ཀྱིས་ཁོས་མི་རྣམས་དང་གཏམ་བྱེད་པ་ཐོས་པས། དཱ་བིད་ལ་ཁོང་ཁྲོ་ལངས་ནས། ཁྱོད་ཅིའི་ཕྱིར་མར་འོངས་པ་ཡིན། དབེན་སྟོང་དུ་ཡོད་པའི་ལུག་ཉུང་ཉུང་དེ་སུ་ལ་བཅོལ་ཡོད་དམ། ངས་ཁྱོད་ནི་ང་རྒྱལ་ཆེ་བ་དང་ཁྱོད་ཀྱིས་ངན་སེམས་ཅི་ལྟ་བུ་བཅངས་ཡོད་པ་ཤེས་ཏེ། དམག་འཁྲུག་མཐོང་བའི་ཆེད་དུ་ཁྱོད་མར་འོངས་པ་རེད་ཅེས་སྨྲས།
29
དེའི་ལན་དུ་དཱ་བིད་ཀྱིས། ད་ལྟ་ངས་ཅི་བྱས་སམ། སྐད་ཆ་ཚིག་གཅིག་ཀྱང་བརྗོད་མི་རུང་ངམ་ཞེས་སྨྲས་པ་དང་།
30
དེ་དང་བྲལ་ནས་མི་གཞན་སྐོར་ཞིག་ལ་སྔར་བཞིན་གཏམ་བྱས་པས། དེ་དག་གིས་སྔར་བཞིན་ལན་བཏབ་བོ། །
31
དཱ་བིད་ཀྱིས་སྨྲས་པའི་གཏམ་ཐོས་ནས་དེ་དག་གིས་སོ་ལོ་ལ་ཞུས་པས། དེས་ཁོ་རང་འབོད་པར་མི་ཞིག་མངགས།
32
དེ་ནས་དཱ་བིད་ཀྱིས་སོ་ལོ་ལ། མི་སུ་ཡིན་ཡང་སེམས་མ་ཕམ་ཞིག ཁྱེད་ཀྱི་ཞབས་ཕྱི་ང་རང་དེར་སོང་ནས་ཕེ་ལེ་ཤེད་པ་དེ་དང་འཐབ་པར་བྱ་ཞེས་ཞུས་པས།
33
སོ་ལོས་དཱ་བིད་ལ། ཁྱོད་ཕེ་ལེ་ཤེད་པ་དེ་དང་འཐབ་པའི་ཕྱིར་འགྲོ་མི་ནུས། ཁྱོད་ནི་ལོ་ན་གཞོན་ཞིང་། ཁོ་ནི་ཆུང་ངུ་ནས་དམག་རྩལ་ཅན་ཡིན་ནོ་ཞེས་སྨྲས་ནས།
34
དཱ་བིད་ཀྱིས་སོ་ལོ་ལ། ཁྱེད་ཀྱི་ཞབས་ཕྱི་བདག་གིས་ཕ་ཡི་ལུག་ཁྱུ་སྲུང་བའི་ཚེ། སེང་གེ་དང་དོམ་སོ་སོར་འོངས་ཏེ་ལུག་ཁྱུ་ལས་ལུ་གུ་ཁྱེར་ཐེངས་རེར།
35
བདག་ནི་རྗེས་སུ་དེད་ཅིང་དེར་བརྡུངས་ཏེ་གཅན་གཟན་དེའི་ཁ་ནས་ལུ་གུ་བསྐྱབས་པ་ཡིན། ཡང་གཅན་གཟན་དེ་བདག་གི་མདུན་དུ་ཀེར་གྱིས་ལངས་པས། བདག་གིས་དེའི་ཁ་སྤུ་ནས་བཟུང་ཞིང་བརྡུངས་ནས་བསད་པ་ཡིན།
36
ཁྱེད་ཀྱི་ཞབས་ཕྱི་བདག་གིས་སེང་གེ་དང་དོམ་གཉིས་བསད་པ་ལྟར། མཚན་སྐྱི་མ་བཅད་པའི་ཕེ་ལེ་ཤེད་པ་དེ་ཡང་དེ་དང་འདྲ་བར་འགྱུར། གང་ལ་ཞེ་ན། མི་དེས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་དམག་དཔུང་ལ་སྨད་པས་སོ་ཞེས་སྨྲས།
37
ཡང་དཱ་བིད་ཀྱིས། དཀོན་མཆོག་ཡ་ཝཱེས་བདག་ནི་སེང་གེ་དང་དོམ་གཉིས་ཀྱི་ལག་ནས་བསྒྲལ་བ་ལྟར། ཕེ་ལེ་ཤེད་པ་འདིའི་ལག་ནས་ཀྱང་སྒྲོལ་བར་འགྱུར་ཞེས་ཞུས་པས། སོ་ལོས་དཱ་བིད་ལ། ད་སོང་ཞིག དཀོན་མཆོག་ཡ་ཝཱེ་ཁྱོད་དང་མཉམ་དུ་བཞུགས་པར་གྱུར་ཅིག་ཅེས་བསྐུལ་ནས།
38
སོ་ལོས་དཱ་བིད་ལ་རང་གི་གོས་བསྐོན་ཏེ། ལི་ཡི་རྨོག་མགོ་ལ་བཞག་ནས་ཁྲབ་ཀྱང་བསྐོན་ཏོ། །
39
དེ་ནས་དཱ་བིད་ཀྱིས་གོས་དེའི་སྟེང་དུ་རལ་གྲི་བཏེགས་ནས་འགྲོ་ཐུབ་མིན་ལ་བལྟས་ཙ་ན། སྔར་ནས་གྱོན་པར་གོམས་མེད་པས། དཱ་བིད་ཀྱིས་སོ་ལོ་ལ། སྔར་ནས་གྱོན་པར་གོམས་མེད་པས་ང་བགྲོད་པར་མི་ནུས་ཞེས་ཞུས་པས་དཱ་བིད་ཀྱིས་དེ་རྣམས་ཕུད་པ་རེད།
40
དེ་ནས་ཁོས་རང་གི་དབྱུག་པ་ལག་པར་བཟུང་ཞིང་། གྲམ་པ་ནས་རྡོ་འཇམ་པོ་ལྔ་བདམས་ཏེ། རང་ལ་ཡོད་པའི་ལུག་རྫིའི་བྲོ་ཁུག་གི་ནང་དུ་བཞག་པ་དང་ལག་ཏུ་འུར་ཆ་བཟུང་སྟེ་ཕེ་ལེ་ཤེད་པ་དང་ཉེ་བར་ཕྱིན།
41
ཕེ་ལེ་ཤེད་པ་ཡང་འོངས་ནས་དཱ་བིད་དང་ཉེ་བར་སླེབས་པ་དང་། ཕུབ་འཁུར་བའི་མི་དེ་ཁོའི་མདུན་དུ་སོང་།
42
ཕེ་ལེ་ཤེད་པས་ཕར་བལྟས་པའི་ཚེ། དཱ་བིད་ནི་བྱད་གཟུགས་ལེགས་ཤིང་ངོ་མདངས་དམར་བའི་གཞོན་ནུ་ཞིག་ཡིན་པ་མཐོང་བས་དེ་ལ་སྨད་པ་བཏང་།
43
དེ་ནས་ཕེ་ལེ་ཤེད་པས་དཱ་བིད་ལ། བེར་ཀ་ཁུར་ནས་ངའི་མདུན་དུ་འོང་དོན་ཅི་ཡིན། ང་ཁྱི་ཡིན་ནམ་ཞེས་སྨྲས་ཤིང་། ཕེ་ལེ་ཤེད་པས་རང་གི་ལྷའི་མིང་བརྗོད་ནས་དཱ་བིད་ལ་དམོད་མོ་བཏབ་པ་རེད།
44
དེ་ནས་ཕེ་ལེ་ཤེད་པས་དཱ་བིད་ལ། ངའི་མདུན་དུ་ཤོག་དང་། ངས་ཁྱོད་ཀྱི་ཤ་ནམ་མཁའི་བྱ་དང་ཐང་གི་གཅན་གཟན་རྣམས་ལ་གཏོང་ངོ་ཞེས་པའི་ལན་དུ།
45
དཱ་བིད་ཀྱིས་ཕེ་ལེ་ཤེད་པ་ལ། ཁྱོད་ནི་རལ་གྲི་དང་མདུང་རིང་ཐུང་ཐོགས་ནས་ངའི་རྩར་འོངས་པ་དང་། ང་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ། ཁྱོད་ཀྱིས་སྨད་པའི་ཡེས་ར་ཨེལ་གྱི་དམག་ཚོགས་ཀྱི་འགོ་འདྲེན་ལགས་པ་དཀོན་མཆོག་གི་མཚན་ལ་བརྟེན་ནས་ཁྱོད་ཀྱི་མདུན་དུ་འོངས་པ་ཡིན།
46
དེ་རིང་ཉིན་མོར་དཀོན་མཆོག་ཡ་ཝཱེས་ཁྱོད་ནི་ངའི་ལག་ཏུ་སྤྲད་པ་སྟེ། ངས་ཁྱོད་བསད་ནས་ཁྱོད་ཀྱི་མགོ་གཅོད་པར་བྱ། ཡང་ཕེ་ལེ་ཤེད་པའི་དམག་ཚོགས་ཀྱི་རོ་ཐམས་ཅད་དེ་རིང་ཉིན་མོར་ནམ་མཁའི་བྱ་དང་ས་གཞིའི་གཅན་གཟན་རྣམས་ལ་གཏོང་བར་བྱ། ཡེས་ར་ཨེལ་གྱི་ནང་དཀོན་མཆོག་ཅིག་ཡོད་པ་ས་གཞི་འདི་ཐམས་ཅད་ལ་མངོན་པར་འགྱུར།
47
ཡང་དཀོན་མཆོག་ཡ་ཝཱེའི་རྒྱལ་ཁ་ནི་རལ་གྲིའམ་མདུང་ལ་རག་མི་ལས་པ་ནི་འདི་རུ་འཛོམས་པའི་མི་ཚོགས་ཐམས་ཅད་ཀྱིས་ཤེས་པར་འགྱུར། འཐབ་འཁྲུག་གི་རྒྱལ་ཁ་འདི་དཀོན་མཆོག་ཡ་ཝཱེའི་ཡིན་པས། ཁོང་གིས་ཁྱོད་རྣམས་ང་ཚོའི་ལག་ཏུ་སྤྲོད་པར་འགྱུར་ཞེས་སྨྲས་པ་དང་།
48
ཕེ་ལེ་ཤེད་པ་ལངས་ནས་ཚུར་འོངས་ཏེ་དཱ་བིད་དང་ཉེ་བར་ཐུག་ལ་ཁད་དུ། དཱ་བིད་མྱུར་བར་ཕར་ཕེ་ལེ་ཤེད་པའི་ཕྱོགས་སུ་ཤོར་ཅིང་གཡུལ་སར་བརྒྱུགས་ནས།
49
རང་གི་བྲོ་ཁུག་ནང་དུ་ལག་པ་བཏང་ཞིང་རྡོ་བ་ཞིག་བླངས་ཏེ་འུར་ཆར་བཞག་སྟེ་བརྒྱབ་ནས་ཕེ་ལེ་ཤེད་པའི་དཔྲལ་བར་ཕོག་ཅིང་། རྡོ་དེ་དཔྲལ་བའི་ནང་དུ་ཟུག་པ་དང་ཕེ་ལེ་ཤེད་པ་ཁ་སྦུབ་ཏུ་འགྱེལ་ཏོ། །
50
དེ་ལྟར་དཱ་བིད་ཀྱིས་འུར་ཆ་དང་རྡོ་ཡིས་བརྒྱབ་ཅིང་ཁོ་རང་ཕེ་ལེ་ཤེད་པ་དེ་ལས་དཔའ་ཞིང་རྟུལ་ཕོད་ཆེ་བས་ཕེ་ལེ་ཤེད་པར་བརྡུངས་ཏེ་བསད་པ་དང་། དཱ་བིད་ཀྱི་ལག་ཏུ་རལ་གྲི་མེད་པ་རེད།
51
དཱ་བིད་རྒྱུག་སོང་ནས་ཕེ་ལེ་ཤེད་པ་དེའི་གམ་དུ་ལངས་ཏེ། དེའི་རལ་གྲི་ཤུབས་ནས་ཕྱུང་ཞིང་དེ་བསད་ནས་མགོ་བཅད། ཕེ་ལེ་ཤེད་པ་རྣམས་ཀྱིས་ཁོ་ཚོའི་གྱད་པ་དེ་ཤི་ཟིན་པ་མཐོང་བས་བྲོས་སོ། །
52
དེ་ནས་ཡེས་ར་ཨེལ་པ་རྣམས་དང་ཡ་ཧུ་དཱ་པ་རྣམས་ལངས་ནས་འབོད་སྐད་བསྒྲགས་ཤིང་། ལུང་པ་ཞིག་ དང་ཨེག་རོན་གྲོང་ཁྱེར་གྱི་རྒྱ་སྒོར་སླེབས་པའི་བར་དུ་ཕེ་ལེ་ཤེད་པའི་རྗེས་དེད། ཕེ་ལེ་ཤེད་པ་སྣད་པོ་རྣམས་ནི་ཤ་ཨ་ར་ཡིམ་ནས་གཱད་དང་ཨེག་རོན་བཅས་ཀྱི་བར་དུ་ལྷུང་ངོ་། །
53
དེ་ནས་ཡེས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་རྗེས་དེད་ནས་ཕྱིར་ལོག་སྟེ། དེ་རྣམས་ཀྱི་དམག་སྒར་ཐམས་ཅད་བཤིག་ཅིང་ནོར་རྫས་ཁྱེར་བ་རེད།
54
དེ་ནས་དཱ་བིད་ཀྱིས་ཕེ་ལེ་ཤེད་པའི་མགོ་བླངས་ཏེ་ཡེ་རུ་སཱ་ལེམ་དུ་ཁྱེར་ཡང་དེའི་གོ་མཚོན་ནི་རང་གི་གུར་དུ་བཞག་གོ །
55
སྔར་སོ་ལོས་དཱ་བིད་ཕེ་ལེ་ཤེད་པ་དང་འགྲན་པའི་ཕྱིར་འགྲོ་བ་མཐོང་བའི་ཚེ། དམག་དཔོན་ཨབ་ནེར་ཞེས་པ་དེ་ལ། ཀྱེ་ཨབ་ནེར། གཞོན་ནུ་དེ་ནི་སུའི་བུ་ཡིན་ཞེས་དྲིས་པའི་ལན་དུ་ཨབ་ནེར་གྱིས། ཀྱེ་རྒྱལ་པོ་ལགས། ངས་ཁྱེད་ཀྱི་མདུན་དུ་དམ་བཅའ་བར་བྱ་སྟེ་ངས་གཏན་ནས་མི་ཤེས་ཞུས་པས།
56
རྒྱལ་པོས་གཞོན་ནུ་དེ་སུའི་བུ་ཡིན་པ་དྲིས་ཤིག་ཅེས་སྨྲས་པས།
57
དཱ་བིད་ཀྱིས་ཕེ་ལེ་ཤེད་པ་བསད་ནས་ཕྱིར་སླེབས་ཤིང་། ཁོའི་ལག་ཏུ་ཕེ་ལེ་ཤེད་པའི་མགོ་བཟུང་ཡོད་ལ། ཨབ་ནེར་གྱིས་དཱ་བིད་ཁྲིད་ནས་སོ་ལོའི་དྲུང་དུ་ཕྱིན།
58
དེ་ནས་སོ་ལོས་ཁོ་ལ། ཀྱེ་གཞོན་ནུ། ཁྱོད་སུའི་བུ་ཡིན་ནམ་ཞེས་པའི་ལན་དུ་དཱ་བིད་ཀྱིས། བདག་ནི་པེད་ལེ་ཧེམ་ནས་ཡིན་པའི་ཁྱེད་ཀྱི་ཞབས་ཕྱི་ཡེ་སེའི་བུ་ཡིན་ཞེས་ཞུས་སོ། །
← Chapter 16
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 26
Chapter 27
Chapter 28
Chapter 29
Chapter 30
Chapter 31
Chapter 18 →
All chapters:
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31