bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian NTB (བོད་འགྱུར་གསར་མ།)
/
2 Kings 23
2 Kings 23
Tibetian NTB (བོད་འགྱུར་གསར་མ།)
← Chapter 22
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 24 →
1
དེ་ནས་རྒྱལ་པོས་བང་ཆེན་མངགས་ཏེ་ཡ་ཧུ་དཱ་དང་། ཡེ་རུ་སཱ་ལེམ་གྱི་རྒན་པོ་ཚང་མ་ཁོང་གི་དྲུང་དུ་བསྡུས་སོ། །
2
རྒྱལ་པོ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཡར་ཕྱིན་པ་དང་། ཁོང་དང་མཉམ་དུ་ཡ་ཧུ་དཱའི་མི་ཐམས་ཅད་དང་། ཡེ་རུ་སཱ་ལེམ་གྱི་གཞིས་སྡོད་པ་ཀུན། མཆོད་དཔོན་དང་ལུང་སྟོན་པ་རྣམས། མི་སྡེའི་མཆོག་དམན་ཐམས་ཅད་དེར་སོང་སྟེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་རྙེད་པའི་ཞལ་ཆད་ཀྱི་མདོའི་ནང་གསུངས་པ་ཐམས་ཅད་རྒྱལ་པོས་དེ་དག་གི་རྣ་ལམ་དུ་བཀླགས་སོ། །
3
ཡང་རྒྱལ་པོ་ཀ་བའི་མདུན་དུ་ལངས་ནས། བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲང་བ་དང་། ཁོང་གི་བཀའ་རྣམས་དང་དཔང་ཡིག སྒྲིག་ཁྲིམས་རྣམས་བསྲུངས་ནས་མདོ་དེའི་ནང་དུ་བཀོད་པའི་ཞལ་ཆད་ཀྱི་གསུང་བཞིན་བསྒྲུབ་པའི་ཕྱིར་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་དམ་བཅའ་བཞག་པ་ལ། མི་ཚང་མ་ཞལ་ཆད་ལ་བརྟེན་པར་གྱུར་ཏོ། །
4
དེ་ནས་རྒྱལ་པོས་མཆོད་དཔོན་ཆེན་པོ་ཧིལ་ཀི་ཡཱ་དང་། མཆོད་དཔོན་རིམ་པ་གཉིས་པ་རྣམས་དང་སྒོ་སྲུང་རྣམས་ལ། པཱ་ཨལ་དང་ཨ་ཤེ་རཱ། ནམ་མཁའི་སྐར་ཚོགས་བཅས་ཀྱི་དོན་དུ་བཟོས་པའི་ཡོ་བྱད་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནས་ཕྱི་རོལ་ཏུ་འདོན་པ་དང་། ཡེ་རུ་སཱ་ལེམ་ཕྱི་རོལ་གྱི་ཀིད་རོན་ལུང་པའི་ས་ཞིང་དུ་བསྲེག་པར་བསྒོས་ཤིང་། དེའི་ཐལ་བ་ནི་པེད་ཨེལ་དུ་བསྐྱལ་ཏོ། །
5
ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་སོ་སོར་བརྩིགས་པའི་མཐོ་གླིང་རྣམས་དང་། ཡེ་རུ་སཱ་ལེམ་མཐའ་འཁོར་དུ་བསང་བཏང་ནས་སྐུ་འདྲ་བསྟེན་མཁན་གྱི་མཆོད་དཔོན་ལ་བསྐོས་པ་རྣམས་དང་། ཡང་པཱ་ཨལ་དང་། ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་དང་། ནམ་མཁའི་སྐར་ཚོགས་ཐམས་ཅད་ལ་བསང་གཏོང་མཁན་རྣམས་ཀྱང་ཡོ་ཤི་ཡཱས་མེད་པར་བཟོས་སོ། །
6
ཡང་ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནས་ཨ་ཤེ་རཱ་དེ་ཡེ་རུ་སཱ་ལེམ་ཕྱི་རོལ་གྱི་ཀིད་རོན་གྲོག་ཆུའི་འགྲམ་དུ་ཕྱུང་སྟེ། ཀིད་རོན་དུ་བསྲེགས་ཤིང་བརྫིས་ནས་ཕྱེ་མར་བཏགས་པ་དང་། ཕྱེ་མ་དེ་མི་རྣམས་ཀྱི་དུར་ཁྲོད་དུ་གཏོར་བ་རེད།
7
ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཡོད་པའི་མཆོད་གཤོམ་གྱི་ཆོས་རྫུ་གཞང་འཚོང་རྣམས་ཀྱི་ཁང་པ་བཤིགས་པ་དང་། དེ་ནི་བུད་མེད་རྣམས་ཀྱིས་ཨ་ཤེ་རཱའི་དོན་དུ་རས་གོས་འཐག་ས་ཡིན་ནོ། །
8
ཡང་ཁོང་གིས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལས་མཆོད་དཔོན་ཐམས་ཅད་བསྡུས་ནས། གེ་བཱ་ནས་པེར་ཤ་བཱ་ཡི་བར་དུ་མཆོད་དཔོན་རྣམས་ཀྱིས་བསང་གཏོང་སའི་མཐོ་གླིང་རྣམས་མི་གཙང་བར་བྱས་པ་དང་། གྲོང་ཁྱེར་གྱི་རྒྱ་སྒོའི་གཡོན་ཕྱོགས་སུ་གྲོང་དཔོན་ཡོ་ཤུ་ཨ་ཡི་སྒོ་འགག་ཏུ་ཡོད་པའི་མཐོ་གླིང་རྣམས་ཀྱང་མར་བཤིགས་སོ། །
9
དོན་དམ་དུ། མཐོ་གླིང་གི་མཆོད་དཔོན་རྣམས་ནི་ཡེ་རུ་སཱ་ལེམ་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲིའི་དྲུང་དུ་མི་འོངས་ཀྱང་། དེ་དག་གིས་སྤུན་རྣམས་དང་ལྷན་དུ་སྐྱུར་མེད་བག་ལེབ་ཟོས་པ་ཡིན།
10
མི་སུས་ཀྱང་རང་གི་བུ་དང་བུ་མོ་རྣམས་མོ་ལེག་གི་ཕྱིར་མེ་ནང་དུ་སྦྱིན་སྲེག་མི་གཏོང་བའི་དོན་དུ། ཁོང་གིས་པེན་ཧིན་ནོམ་ལུང་པའི་ཐོ་ཕེད་ཀྱང་མི་གཙང་བར་བྱས་སོ། །
11
ཡང་ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་འཛུལ་སའི་སྒོ་མདུན་དུ། ཉུག་རུམ་པ་ནཱ་ཐན་མེ་ལེག་གི་ར་སྐོར་ནང་གི་གཟིམ་ཆུང་གི་ཉེ་སར་ཡོད་པའི་རྟ་ཡི་སྐུ་འདྲ་རྣམས་ཏེ། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཉི་མ་ལ་ཕུལ་བ་རྣམས་མེད་པར་བྱས་ཤིང་། ཉི་མར་ཕུལ་བའི་ཤིང་རྟ་རྣམས་ཀྱང་མེ་རུ་བསྲེགས་སོ། །
12
ཡང་ཁོང་གིས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱིས་ཨ་ཧ་ཟཱ་ཡི་གཟིམ་ཁང་གི་མཁར་སྟེང་དུ་བཟོས་པའི་མཆོད་ཁྲི་དང་། མཱ་ན་ཤེ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ར་སྐོར་གཉིས་ཀྱི་ནང་བཞེངས་པའི་མཆོད་ཁྲི་རྣམས་རྡུལ་དུ་བརླགས་ཏེ། དེ་དག་གི་ཐལ་བ་ཀིད་རོན་གྲོག་ཆུའི་ནང་དུ་བཏབ།
13
ཡང་ཡེ་རུ་སཱ་ལེམ་གྱི་ཤར་ཕྱོགས་དང་། ཞིག་རལ་དུ་གྱུར་པའི་རི་བོའི་ལྷོ་ཕྱོགས་སུ་ཡོད་པའི་མཐོ་གླིང་རྣམས་ཏེ། ཡེས་ར་ཨེལ་གྱི་རྒྱལ་པོ་སོ་ལོ་མོན་གྱིས་ཚི་ཏུན་པའི་སྐྱུག་བྲོ་བའི་ཨ་ཤཱ་ཏ་རོད་དང་། མོ་ཨབ་པའི་སྐྱུག་བྲོ་བའི་ཀེ་མོ་སི་དང་། ཨམ་མོན་པའི་སྐྱུག་བྲོ་བའི་མིལ་ཀོམ་བཅས་ཀྱི་ཕྱིར་བཞེངས་པའི་མཐོ་གླིང་རྣམས་རྒྱལ་པོས་མི་གཙང་བར་བྱས་པ་དང་།
14
ཡང་ཁོང་གིས་རྡོ་སྐུ་རྣམས་དུམ་བུར་བཅགས་པ་དང་ཨ་ཤེ་རཱ་རྣམས་སོ་སོར་བཅད་ཅིང་། ཡུལ་དེར་མི་ཤི་རོའི་རུས་པས་བཀང་བར་བྱས་སོ། །
15
དེར་མ་ཟད། ཐ་ན་པེད་ཨེལ་གྱི་མཆོད་ཁྲི་དང་ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་བརྩིགས་པའི་མཐོ་གླིང་མར་བཤིགས་ནས་མེ་རུ་བསྲེགས་པ་དང་། འཐག་ནས་རྡུལ་དུ་བརླགས་ཤིང་། ཨ་ཤེ་རཱ་ཡང་མེ་རུ་བསྲེགས་སོ། །
16
དེར་ཡོ་ཤི་ཡཱ་ཕྱིར་འཁོར་བ་ན། རི་ལ་ཡོད་པའི་དུར་ཁུང་རྣམས་མཐོང་བ་དང་། དུར་ཁུང་དེ་དག་ལས་རུས་པ་འདོན་དུ་བཅུག་སྟེ། སྔར་དཀོན་མཆོག་གི་སྐྱེས་བུས་ཁྱབ་བསྒྲགས་བྱས་པའི་དཀོན་མཆོག་ཡ་ཝཱེའི་གསུང་བཞིན་དུ། རུས་པ་རྣམས་མཆོད་ཁྲིའི་སྟེང་དུ་བསྲེགས་ནས་མཆོད་ཁྲི་མི་གཙང་བར་བྱས།
17
དེ་ནས་ཡོ་ཤི་ཡཱ་ཡིས། ངས་མཐོང་བའི་རྡོ་རིང་དེ་ཅི་ཡིན་ཞེས་དྲིས་པ་ན། ལན་དུ་གྲོང་ཁྱེར་གྱི་མི་ཚོས། འདི་ནི་སྔར་ཡ་ཧུ་དཱ་ནས་ཐོན་ཏེ། ཁྱེད་ཀྱིས་པེད་ཨེལ་གྱི་མཆོད་ཁྲི་ལ་མཛད་པའི་དོན་འདི་དག་གསལ་བསྒྲགས་བྱས་པའི་དཀོན་མཆོག་གི་སྐྱེས་བུའི་དུར་ས་དེ་རེད་ཞུས་པས།
18
ཁོང་གིས། དེ་བསྐྱུར་དང་། སུ་ལའང་ཁོའི་རུས་པར་རེག་ཏུ་མ་འཇུག་ཅེས་བསྒོས་པར། མི་རྣམས་ཀྱིས་དེའི་གདུང་རུས་དང་སཱ་མར་ཡ་ནས་ཐོན་པའི་ལུང་སྟོན་པ་དེའི་གདུང་རུས་ལ་མ་རེག་གོ །
19
དེ་ཡང་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱིས་སཱ་མར་ཡའི་གྲོང་ཁྱེར་རྣམས་སུ་བརྩིགས་ནས་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་བསླངས་པའི་མཐོ་གླིང་གི་ལྷ་ཁང་ཐམས་ཅད་ཡོ་ཤི་ཡཱས་བརླགས་ནས། པེད་ཨེལ་དུ་བྱས་པ་བཞིན་དུ་དེ་དག་ལའང་དེ་ལྟར་བྱས།
20
དེར་ཡོད་པའི་མཐོ་གླིང་རྣམས་ཀྱི་མཆོད་དཔོན་ཀུན་མཆོད་ཁྲིའི་ཁར་སྦྱིན་སྲེག་བཏང་ཞིང་། དེའི་སྟེང་དུ་མི་ཡི་རུས་པ་བསྲེགས་པ་དང་། དེ་ནས་ཁོ་ཡེ་རུ་སཱ་ལེམ་དུ་ཕྱིར་ལོག་གོ །
21
དེ་ནས་རྒྱལ་པོས་འབངས་རྣམས་ལ་བཀའ་བསྩལ་ཏེ་འདི་སྐད་དུ། ཞལ་ཆད་ཀྱི་མདོ་འདིའི་ནང་དུ་བཀོད་པ་བཞིན་དུ། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་དོན་དུ་པེ་སག་གི་དུས་ཆེན་སྲུངས་ཤིག་ཅེས་བསྒོས།
22
ཡེས་ར་ཨེལ་གྱི་ཁྲིམས་ཐག་གཅོད་པའི་ཁྲིམས་དཔོན་རྣམས་ཀྱི་དུས་ནས་བཟུང་སྟེ། ཡེས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་དུས་སྐབས་བར་དུ། འདི་འདྲའི་པེ་སག་གི་དུས་ཆེན་ཞིག་ནམ་ཡང་སྲུང་བ་མེད་དོ། །
23
འོན་ཀྱང་། རྒྱལ་པོ་ཡོ་ཤི་ཡཱ་ཡིས་སྲིད་བཟུང་བའི་ལོ་བཅོ་བརྒྱད་པར་ཡེ་རུ་སཱ་ལེམ་དུ་དཀོན་མཆོག་ཡ་ཝཱེའི་དོན་དུ་པེ་སག་གི་དུས་ཆེན་འདི་བསྲུངས་པ་རེད།
24
དེར་མ་ཟད། ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་དུ་ཡོད་པའི་གདོན་འདྲེ་འགུག་མཁན་དང་མོ་འདེབས་མཁན། ལྷ་སྐུ། འདྲ་སྐུ། དེ་མིན་སྐྱུག་བྲོ་བ་ཐམས་ཅད་ནི་ཡོ་ཤི་ཡཱས་མེད་པར་བཟོས། ཅིའི་ཕྱིར་ཞེ་ན། མཆོད་དཔོན་ཧིལ་ཀི་ཡཱས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་རྙེད་པའི་མདོ་ནང་བཀོད་པའི་བཀའ་ཁྲིམས་ཀྱི་གསུང་རྣམས་བསྒྲུབ་པའི་ཕྱིར་དུའོ། །
25
ཡང་ཁོང་དང་འདྲ་བར་མོ་ཤེའི་བཀའ་ཁྲིམས་ཐམས་ཅད་དང་བསྟུན་ཏེ། རང་གི་སེམས་ཧྲིལ་པོ་དང་ཡིད་ཧྲིལ་པོ། སྟོབས་ཧྲིལ་པོ་བཅས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཕྱོགས་སུ་འཁོར་མཁན་གྱི་རྒྱལ་པོ་ཞིག་སྔར་མ་བྱུང་ལ། ཕྱིས་སུ་ཡང་ཁོང་ལྟ་བུ་ཞིག་མ་ཐོན་ནོ། །
26
འོན་ཀྱང་མཱ་ན་ཤེ་ཡིས་ངན་པ་སྣ་ཚོགས་སྤྱད་དེ་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་བསླངས་པའི་རྐྱེན་གྱིས། དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱའི་སྟེང་དུ་འབར་བའི་ཐུགས་ཁྲོ་ཆེན་པོ་ཕྱིར་མ་སློག་པ་དང་།
27
དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་ཡེས་ར་ཨེལ་དོར་བ་ལྟར། ཡ་ཧུ་དཱ་ཡང་ངའི་མདུན་ནས་འདོར་ཞིང་། བདག་གིས་བདམས་པའི་ཡེ་རུ་སཱ་ལེམ་གྲོང་ཁྱེར་འདི་དང་། ངའི་མཚན་དེ་རུ་འཇོག་པར་བྱ་གསུངས་པའི་མཆོད་ཁང་འདིའང་འདོར་བར་བྱའོ་ཞེས་གསུངས་སོ། །
28
དེ་ཡང་ཡོ་ཤི་ཡཱ་ཡི་དོན་གཞན་དག་དང་། ཁོས་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་ལོ་རབས་ནང་དུ་བཀོད་ཡོད་པ་མ་ཡིན་ནམ།
29
ཡོ་ཤི་ཡཱ་ཡི་སྐུ་རིང་དུ་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་ནེ་ཀོ་བྱ་བ་དེ་ཕི་རཱད་ཆུ་བོའི་ཕྱོགས་སུ་ཨ་སུར་གྱི་རྒྱལ་པོ་དང་འཕྲད་དུ་སོང་བ་དང་། རྒྱལ་པོ་ཡོ་ཤི་ཡཱ་ནི་ཁོ་དང་འཐབ་ཏུ་ཕྱིན་པ་ན། ཕཱར་ཨོལ་གྱིས་ཁོ་མཐོང་བ་ཙམ་གྱིས་མེ་གིད་དོ་རུ་བསད་དོ། །
30
དེ་ནས་ཁོའི་འཁོར་རྣམས་ཀྱིས་སྤུར་ཤིང་རྟའི་ནང་དུ་བཞག་སྟེ་མེ་གིད་དོ་ནས་ཡེ་རུ་སཱ་ལེམ་དུ་དྲངས་ཤིང་། དེ་ཁོ་རང་གི་སྤུར་ཁང་དུ་དུར་ལ་སྦས་སོ། །དེ་ནས་འབངས་རྣམས་ཀྱིས་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཨ་ཧཱ་ཟི་ཕྱུང་ནས་སྣུམ་གྱིས་བྱུགས་ཏེ་ཁོའི་ཡབ་ཀྱི་རྒྱུན་མཐུད་ནས་རྒྱལ་པོར་བསྐོས་སོ། །
31
དེ་ཡང་ཡེ་ཧོ་ཨ་ཧཱ་ཟི་རྒྱལ་ཁྲིར་བཞུགས་པའི་དུས་སུ་ལོ་ཉེར་གསུམ་ཡིན་པ་དང་ཡེ་རུ་སཱ་ལེམ་དུ་ཟླ་བ་གསུམ་གྱི་རིང་ལ་རྒྱལ་སྲིད་བསྐྱངས། ཁོའི་ཡུམ་ནི་ལིབ་ནཱ་ནས་ཡིན་པའི་ཡེ་རེམ་ཡཱའི་བུ་མོ་ཧ་མུ་ཏལ་བྱ་བ་ཡིན་ནོ། །
32
ཁོས་རང་གི་ཡབ་མེས་རྣམས་ཀྱིས་སྤྱད་པ་བཞིན་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་དོ། །
33
ཕཱར་ཨོལ་ནེ་ཀོ་ཡིས་ཧ་མཱད་ཡུལ་དུ་ཡོད་པའི་རིབ་ལཱ་རུ་ཁོ་བཙོན་དུ་བཅུག་པ་དང་། ཁོས་ཡེ་རུ་སཱ་ལེམ་དུ་རྒྱལ་སྲིད་སྐྱོང་མི་ཐུབ་པར་བྱས། ཡང་ཡ་ཧུ་དཱ་ལ་དངུལ་རྡོ་ཚད་བརྒྱ་དང་གསེར་རྡོ་ཚད་གཅིག་གི་ཆད་པ་བཅད་དོ། །
34
ཡང་ཕཱར་ཨོལ་ནེ་ཀོ་ཡིས་ཡོ་ཤི་ཡཱའི་བུ་ཨེལ་ཡ་ཀིམ་ནི་ཁོའི་ཡབ་ཡོ་ཤི་ཡཱའི་རྒྱུན་མཐུད་ནས་རྒྱལ་པོར་བཀོད་ཅིང་། ཁོའི་མིང་བརྗེས་ནས་ཡེ་ཧོ་ཡཱ་ཀིམ་ཞེས་བཏགས། ཡེ་ཧོ་ཨ་ཧཱ་ཟི་བཟུང་ནས་ཨེ་ཅིབ་ཏུ་ཁྲིད་ཅིང་ཁོ་རང་དེར་ཚེ་ལས་འདས།
35
ཡེ་ཧོ་ཡཱ་ཀིམ་གྱིས་ཕཱར་ཨོལ་ལ་གསེར་དངུལ་བསྐྱལ་ཏེ། ཕཱར་ཨོལ་གྱི་བཀའ་བཞིན་དུ་དངུལ་སྤྲོད་པར་རྒྱལ་ཁམས་ཡོངས་ནས་དཔྱ་ཁྲལ་བསྡུས་ཤིང་། ཕཱར་ཨོལ་ནེ་ཀོ་ལ་སྤྲོད་པའི་ཆེད་དུ་འབངས་མི་རེ་རེར་འཕོག་པ་བཞིན་དུ་གསེར་དང་དངུལ་བླངས་སོ། །
36
དེ་ཡང་ཡེ་ཧོ་ཡཱ་ཀིམ་རྒྱལ་ཁྲིར་བཞུགས་པའི་དུས་སུ་ལོ་ཉེར་ལྔ་ཡིན་ཏེ། ལོ་བཅུ་གཅིག་གི་རིང་ལ་ཡེ་རུ་སཱ་ལེམ་དུ་རྒྱལ་སྲིད་བསྐྱངས། རུ་མཱ་པ་ཕེ་ད་ཡཱའི་བུ་མོ་ཟེ་བི་དཱ་བྱ་བ་ནི་ཁོའི་ཡུམ་མོ། །
37
ཁོས་ཀྱང་རང་གི་ཡབ་མེས་རྣམས་ཀྱིས་སྤྱད་པ་བཞིན་དུ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་དོ། །
← Chapter 22
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 24 →
All chapters:
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25