bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian NTB (བོད་འགྱུར་གསར་མ།)
/
Ezekiel 16
Ezekiel 16
Tibetian NTB (བོད་འགྱུར་གསར་མ།)
← Chapter 15
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 26
Chapter 27
Chapter 28
Chapter 29
Chapter 30
Chapter 31
Chapter 32
Chapter 33
Chapter 34
Chapter 35
Chapter 36
Chapter 37
Chapter 38
Chapter 39
Chapter 40
Chapter 41
Chapter 42
Chapter 43
Chapter 44
Chapter 45
Chapter 46
Chapter 47
Chapter 48
Chapter 17 →
1
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
2
ཀྱེ་མིའི་བུ། ཁྱོད་ཀྱིས་ཡེ་རུ་སཱ་ལེམ་ལ་ཁོ་ཚོའི་ཞེན་ལོག་གི་དོན་རྣམས་སྟོན་དགོས་ཏེ།
3
ཁྱོད་ཀྱིས་དེ་དག་ལ། གཙོ་བོ་ཡ་ཝཱེས་ཡེ་རུ་སཱ་ལེམ་ལ་འདི་སྐད་དུ། ཁྱོད་ཀྱི་འབྱུང་ཁུངས་དང་སྐྱེས་ས་ནི་ཀ་ན་ཨན་གྱི་ཡུལ་ཡིན་ལ། ཁྱོད་ཀྱི་ཕ་ནི་ཨེ་མོར་པ་དང་མ་ནི་ཧེད་པ་ཡིན་ནོ། །
4
ཁྱོད་སྐྱེས་པའི་གནས་ཚུལ་བརྗོད་ན། ཁྱོད་སྐྱེས་པའི་ཉིན་ལ་མི་ཡིས་ཁྱོད་ཀྱི་ལྟེ་བ་མ་བཅད་ཅིང་། གཙང་དག་བྱེད་དུ་ཁྱོད་ཆུའི་ནང་དུ་ཡང་མ་བཀྲུས་ཏེ། ཁྱོད་ཀྱི་ལུས་སྟེང་དུ་ཚྭ་གཏོར་མཁན་ཡང་མ་བྱུང་ལ། ཁྱོད་རས་ཀྱིས་ཀྱང་མ་བཏུམས་སོ། །
5
ཁྱོད་ལ་ལྟ་སྐྱོང་བྱས་ཏེ་སྙིང་རྗེ་ནས་དེ་ལྟར་བྱེད་མཁན་མི་གཅིག་ཀྱང་མེད་དེ། མི་ཡིས་ཁྱོད་ནི་ས་སྟོང་དུ་དོར་བ་ཡིན། གང་ལ་ཞེ་ན། ཁྱོད་སྐྱེས་དུས་མི་རྣམས་ཁྱོད་ལ་ཞེན་ཁ་ལོག་པས་སོ། །
6
དེ་ཡང་ང་རང་ཁྱོད་ཀྱི་གམ་ནས་འགྲོ་དུས་སུ། ཁྱོད་ནི་ཁྲག་གི་ནང་དུ་འཕག་འཚག་རྒྱག་པ་མཐོང་བྱུང་། དུས་དེར་ངས་ཁྱོད་ལ་ཁྱོད་ཁྲག་གི་ནང་དུ་ཉལ་ཡོད་ཀྱང་གསོན་པར་གྱིས་ཤིག ཁྱོད་ཁྲག་གི་ནང་དུ་ཉལ་ཡོད་ཀྱང་གསོན་པར་གྱིས་ཤིག་ཅེས་སྨྲས་པ་དང་།
7
ངས་ཁྱོད་ནི་ཞིང་ཁའི་རྩི་ཤིང་བཞིན་དུ་སྐྱེ་བར་བྱས་ཤིང་། དེ་ནས་ཁྱོད་རང་རིམ་གྱིས་ཡར་སྐྱེས་ཏེ་མཛེས་ཤིང་ལྟ་ན་སྡུག་པར་གྱུར་པ་དང་། ཁྱོད་ཀྱི་ནུ་མ་གཉིས་པོ་རྒྱས་ཏེ་སྐྲ་ལོ་རིང་ན་ཡང་། ཁྱོད་ནི་སྔར་བཞིན་གཅེར་བུ་ཡིན་ནོ། །
8
ཡང་ང་རང་ཁྱོད་ཀྱི་གམ་ནས་སོང་པ་ན། ཁྱོད་ནི་དགའ་རོགས་སྒྲིག་པའི་དུས་སུ་བབས་ཡོད་པ་མཐོང་སྟེ། ངས་རང་གི་གོས་ཀྱི་ཐུ་བས་ཁྱོད་ཀྱི་ལུས་གཡོགས་ནས། ཁྱོད་ཀྱི་ལུས་གཅེར་བུ་དེ་བཀབ་པ་དང་། ཡང་ཁྱོད་ལ་མནའ་བསྐྱལ་ནས་ཁ་ཆད་བཞག་པས་ཁྱོད་ནི་ང་ལ་གཏོགས་པ་ཡིན་ཞེས་གཙོ་བོ་ཡ་ཝཱེས་གསུངས།
9
དུས་དེར་ངས་ཆུ་ཡིས་ཁྱོད་བཀྲུས་ཤིང་། ཁྱོད་ཀྱི་ལུས་སྟེང་གི་ཁྲག་རྣམས་བཀྲུས་ཏེ་ཁྱོད་ལ་སྣུམ་གྱིས་བྱུགས།
10
ངས་ཁྱོད་ཀྱི་ལུས་ནི་ཚེམ་དྲུབ་ཀྱི་གོས་ཀྱིས་གཡོགས་ཤིང་། རྐང་པར་ཀོ་བ་སྤུས་ལེགས་ཀྱི་ལྷམ་བསྐོན་པ་དང་། སོ་རས་སྲབ་བུས་ཁྱོད་ཀྱི་མགོ་བཏུམས་ནས་དར་གོས་ཁྱོད་ཀྱི་ལུས་ལ་བསྐོན་ཏོ། །
11
ངས་ཁྱོད་རང་རྒྱན་ཆས་སྤྲས་ཏེ། ལག་པར་གདུ་བུ་དང་སྐེ་ལ་སྐེ་རྒྱན།
12
སྣ་ལ་སྣ་ལོང་། རྣ་བར་རྣ་ལོང་། མགོ་ལ་ཡིད་དུ་འོང་བའི་ཅོད་པན་བཅས་བསྐོན་ཏོ། །
13
དེ་ནས་ཁྱོད་ལ་གསེར་དངུལ་གྱིས་བརྒྱན་ཏེ། གོས་སུ་སོ་རས་སྲབ་བུ་དང་། དར་གོས་དང་། ཚེམ་དྲུབ་ཀྱིས་གཡོགས་ཤིང་། ཁྱོད་ཀྱིས་ཟས་སུ་གྲོ་ཞིབ་དང་སྦྲང་རྩི། སྣུམ་བཅས་སྤྱོད་པས། ཁྱོད་ནི་རབ་ཏུ་མཛེས་ཤིང་རྒྱལ་མོའི་ཁྲི་ལའང་བཞུགས་འོས་སོ། །
14
ཁྱོད་རང་ཤིན་ཏུ་མཛེས་པའི་རྐྱེན་གྱིས་ཁྱོད་ཀྱི་མཚན་སྙན་ནི་ཡུལ་ཁམས་ཡོངས་སུ་ཁྱབ་ཅིང་། ཁྱོད་རང་ཡོངས་སུ་མཛེས་པ་ནི་ངས་ཁྱོད་ལ་གནང་བའི་དཔལ་དང་གཟི་བརྗིད་ཀྱི་དབང་གིས་ཡིན་ནོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
15
ཡིན་ནའང་ཁྱོད་ཀྱིས་རང་གི་བྱད་གཟུགས་དང་རང་གི་མཚན་སྙན་ལ་བརྟེན་ནས་ལོག་གཡེམ་སྤྱད་དེ། ལམ་འགྲོ་རེ་རེ་ལ་ཁྱོད་ཀྱིས་ཅི་དགར་ལོག་གཡེམ་སྤྱད་ཅིང་ཁྱོད་རང་དེ་རྣམས་ལ་དབང་བར་གྱུར།
16
ཡང་ཁྱོད་ཀྱིས་རང་གི་གོས་རྣམས་ཁྱེར་ཏེ། རང་གི་ཆེད་དུ་ཁ་དོག་རྣམ་པར་བཀྲ་བའི་མཐོ་གླིང་བརྩིགས་ཤིང་གནས་དེར་ལོག་གཡེམ་སྤྱད་དོ། །དོན་དེ་འདྲ་འབྱུང་མི་འོས་ལ་མ་འོངས་པར་ཡང་འབྱུང་མི་སྲིད།
17
ཡང་ཁྱོད་ཀྱིས་ངས་ཁྱོད་ལ་གནང་བའི་ཡིད་དུ་འོང་བའི་གསེར་ཆས་དང་དངུལ་ཆས་རྣམས་ཁྱེར་ཏེ། རང་གི་ཆེད་དུ་སྐྱེས་པའི་སྐུ་འདྲ་བླུགས་ནས་དེ་དག་དང་ལོག་གཡེམ་སྤྱད་དོ། །
18
ཡང་ཁྱོད་ཀྱིས་རང་གི་ཚེམ་དྲུབ་ཀྱི་གོས་རྣམས་ཁྱེར་ནས་དེ་དག་གི་སྟེང་དུ་བཀབ་པར་མ་ཟད། ངའི་སྣུམ་དང་བདུག་སྤོས་ཀྱང་དེ་དག་གི་མདུན་དུ་བཤམས།
19
ངས་ཁྱོད་ལ་གནང་བའི་ཟས་རིགས་ཏེ་གྲོ་ཞིབ་དང་སྣུམ། སྦྲང་རྩི་བཅས་ནི་ཁྱོད་ཀྱིས་སྐུ་འདྲའི་མདུན་དུ་བཤམས་ཏེ་དྲི་ཞིམ་མཆོད་རྫས་སུ་བྱས་སོ་ཞེས་གཙོ་བོ་ཡ་ཝཱེས་གསུངས།
20
ཡང་ཁྱོད་ལས་བཙས་པའི་ངའི་བུ་དང་བུ་མོ་སྟེ། རང་གི་བུ་དང་བུ་མོ་རྣམས་ཀྱང་ཁྱོད་ཀྱིས་དེ་དག་ལ་ཁ་ཟས་སུ་ཕུལ་བས། ཁྱོད་ཀྱིས་སྤྱད་པའི་ལོག་གཡེམ་འདི་རྣམས་ད་དུང་དོན་ཆུང་བར་བརྩིས་སམ།
21
ཁྱོད་ཀྱིས་ངའི་བུ་ཕྲུག་རྣམས་བསད་དེ། མེ་བརྒྱུད་ནས་ཁོ་ཚོ་སྐུ་འདྲར་ཕུལ་ཏོ། །
22
ཁྱོད་ཀྱིས་རང་གི་ཞེན་ལོག་གི་དོན་དང་ལོག་གཡེམ་འདི་ཐམས་ཅད་སྤྱོད་པའི་དུས་སུ། རང་ཉིད་ལོ་ན་ཆུང་བའི་དུས་སུ་གཅེར་བུར་ཁྲག་གི་ནང་དུ་འཕག་འཚག་བརྒྱབ་པ་མི་དྲན་ནམ།
23
ཁྱོད་ལ་ཆག་སྒོ་འབྱུང་། ཁྱོད་ལ་ཆག་སྒོ་འབྱུང་ཞེས་གཙོ་བོ་ཡ་ཝཱེས་དེ་སྐད་གསུངས་ཤིང་། ཁྱོད་ཀྱིས་དོན་ངན་དེ་ཐམས་ཅད་སྤྱད་རྗེས།
24
ཡང་ཁྱོད་ཀྱིས་རང་གི་ཆེད་དུ་གཡེམ་ཁང་བརྩིགས་ཤིང་། ཐང་ཆེན་རེ་རེ་ལ་མཐོ་གླིང་བརྩིགས་པ་དང་།
25
ཁྱོད་ཀྱིས་ལམ་མདོ་རེ་རེ་ནས་མཐོ་གླིང་བརྩིགས་ཏེ། རང་གི་བྱད་གཟུགས་མཛེས་པོ་དེ་ཞེན་ལོག་ཏུ་བསྒྱུར་ཅིང་ལམ་འགྲོ་རེ་རེ་དང་ལོག་གཡེམ་གྱི་ལས་མང་པོ་སྤྱད།
26
ཡང་ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ཏེ་ཅི་དགར་འདོད་ཆགས་སྤྱོད་པའི་ཨེ་ཅིབ་པ་དང་ལོག་གཡེམ་མང་པོ་སྤྱད་ནས་ང་ཁྲོ་རུ་བཅུག
27
དེ་བས་ངས་རང་གི་ལག་པ་བརྐྱངས་ཏེ་ཁྱོད་ལ་རྒོལ་ནས་ཁྱོད་ཀྱི་མངའ་ཁོངས་ཆུང་དུ་བཏང་སྟེ། ཁྱོད་རང་ཁྱོད་ལ་སྡང་བའི་ཕེ་ལེ་ཤེད་པའི་བུད་མེད་ཀྱི་ལག་ཏུ་གཏད་ཅིང་། དེ་ཚོས་ཁྱོད་ལ་གང་འདོད་ལྟར་བྱས་པའོ། །ཡང་ཁྱོད་ཀྱི་འདོད་གཡེམ་གྱི་དབང་གིས་དེ་དག་ངོ་ཚ་བར་གྱུར་ཏོ། །
28
འོན་ཀྱང་ཁྱོད་ད་དུང་ཡིད་མ་ཚིམ་པར་ཨ་སུར་པ་དང་ལོག་གཡེམ་སྤྱད་དེ། དེ་དག་དང་ལོག་གཡེམ་སྤྱད་ཀྱང་ཁྱོད་ད་དུང་ཡིད་མ་ཚིམ།
29
དེ་ནས་ཁྱོད་ཀྱིས་རང་གི་གཡེམ་སྤྱོད་མང་དུ་བཏང་སྟེ། ཚོང་བྱེད་པའི་ཀལ་དི་པའི་བར་དུའང་ལོག་གཡེམ་སྤྱད་ཀྱང་ད་དུང་ཡིད་མ་ཚིམ།
30
ཁྱོད་ཀྱིས་སྤྱད་པ་དེ་ཐམས་ཅད་ནི་རང་གཤིས་གྱོང་པོ་དང་ངོ་ཚ་མེད་པའི་གཡེམ་མ་དང་འདྲ་བས། ཁྱོད་ནི་ཅི་འདྲའི་སེམས་ཤུགས་ཞན་པ་ཤེས་ཐུབ་བོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
31
ཁྱོད་ཀྱིས་ལམ་མདོ་རེ་རེ་ནས་རང་གི་གཡེམ་ཁང་བརྩིགས་ཤིང་། ཡང་ཐང་ཆེན་རེ་རེ་ལ་མཐོ་གླིང་བརྩིགས་ནའང་ཁྱོད་ནི་གཡེམ་མ་བཞིན་མིན་ནོ། །གང་ལ་ཞེ་ན། ཁྱོད་ཀྱིས་སྨད་བཙོངས་ནས་ཐོབ་པའི་རྔན་པར་མཐོང་ཆུང་བྱས་པས་སོ། །
32
རང་གི་ཁྱོ་བོའི་ཚབ་ཏུ་མི་ཆ་མེད་ལེན་པའི་ཆུང་མ་གཡེམ་སྦྱོར་ཅན་ཁྱོད།
33
མི་རྣམས་ཀྱིས་གཡེམ་མ་ཀུན་ལ་རྔན་པ་སྦྱིན་ཡང་། ཁྱོད་ཀྱིས་རང་གི་རྔན་པ་དེ་རང་ཉིད་དགའ་བའི་དགའ་རོགས་རྣམས་ལ་སྤྲད་ནས། ཁྱོད་དང་མཉམ་དུ་ལོག་གཡེམ་སྤྱོད་པར་དེ་དག་ཕྱོགས་ཀུན་ནས་འོང་བར་བསླུས་སོ། །
34
ཁྱོད་ཀྱི་གཡེམ་སྤྱོད་ནི་བུད་མེད་གཞན་དང་མི་མཚུངས་ཏེ། གང་ལ་ཞེ་ན། མི་ཡིས་ཁྱོད་ལ་རྔན་པ་སྤྲད་ནས་ཁྱོད་དང་ལོག་གཡེམ་སྤྱོད་པར་མ་ཞུས་ཤིང་། ཁྱོད་ཀྱིས་མི་ལ་རྔན་པ་སྤྲད་པས་ཁྱོད་ནི་དེ་ལས་ལྡོག་པ་ཞིག་གོ །
35
དེ་བས་སྨད་འཚོང་མ་ཁྱོད་ཀྱིས་ཡ་ཝཱེའི་བཀའ་ལ་ཉོན་ཅིག
36
གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་རང་གི་འདོད་པ་ཡོད་ཚད་ཕྱི་རུ་མངོན་ནས་རང་གི་དགའ་རོགས་དང་ལོག་གཡེམ་སྤྱད་ནས་ཁོག་སྨད་ཕྱི་རུ་མངོན་པ་དང་། ཡང་ཁྱོད་ཀྱིས་ཞེན་ལོག་གི་སྐུ་འདྲ་ཐམས་ཅད་ལ་ཕྱག་བཙལ་ཏེ། རང་གི་བུ་ཕྲུག་གི་ཁྲག་བཞུར་ཏུ་བཅུག་ནས་ཁྲག་དེ་སྐུ་འདྲ་ལ་ཕུལ་བའི་རྐྱེན་གྱིས།
37
ལྟོས་དང་། ངས་ཁྱོད་རང་དགའ་བ་དང་སྡང་བའི་མི་རྣམས་ཏེ། ཁྱོད་དང་མཉམ་དུ་དགའ་མགུར་སྤྱད་པའི་དགའ་རོགས་ཚང་མ་བསྡུས་ཏེ། ངས་ཕྱོགས་ཀུན་ནས་དེ་རྣམས་བསྡུས་ཏེ་ཁྱོད་ལ་རྒོལ་བར་འགྱུར་ཞིང་། ངས་དེ་དག་གི་མདུན་དུ་ཁྱོད་ཀྱི་ཁོག་སྨད་ཕྱུང་ནས། ཁྱོད་ཀྱི་ལུས་ཡོངས་གཅེར་བུ་ཡིན་པ་དེ་ཚོར་མཐོང་དུ་འཇུག་གོ །
38
ལོག་གཡེམ་སྤྱད་པ་དང་མི་ལ་ཁྲག་བཞུར་དུ་བཅུག་པའི་བུད་མེད་བཞིན་དུ་ངས་ཁྱོད་ལ་ཉེས་ཆད་གཅོད་ཅིང་། ངས་རང་གི་ཁོང་ཁྲོ་ཆེན་པོ་དང་ཞེ་སྡང་གིས་མི་ལ་ཁྲག་བཞུར་དུ་བཅུག་པའི་སྡིག་པ་དེ་ཁྱོད་ལ་འཁུར་དུ་འཇུག་གོ །
39
ངས་ཁྱོད་རང་དེ་ཚོའི་ལག་ཏུ་གཏད་དེ། ཁོ་ཚོས་ཁྱོད་ཀྱི་གཡེམ་ཁང་བཤིག་ཅིང་། ཁྱོད་ཀྱི་མཐོ་གླིང་རྣམས་གཏོར་བ་དང་། ཁྱོད་ཀྱི་ལྭ་བ་རྣམས་བཤུས་ནས་ཁྱོད་ཀྱི་མཛེས་སྡུག་ལྡན་པའི་རིན་པོ་ཆེ་རྣམས་ཕྲོགས་ཏེ། ཁྱོད་ནི་གཅེར་བུར་ལུས་པར་འགྱུར་རོ། །
40
དེ་དག་གིས་མི་མང་པོ་ཁྲིད་ནས་ཡར་འོངས་ཏེ་ཁྱོད་ལ་རྒོལ་བར་བྱ་ཞིང་། ཁྱོད་ནི་རྡོ་རུབ་བཏང་སྟེ། དེ་དག་གི་རལ་གྲིས་ཁྱོད་དུམ་བུར་གཏུབ་བོ། །
41
ཡང་དེ་དག་གིས་ཁྱོད་ཀྱི་ཁང་པ་མེར་བསྲེགས་ཏེ། བུད་མེད་མང་པོའི་མདུན་དུ་ཁྱོད་ལ་ཉེས་ཆད་གཅོད་ཅིང་། ངས་ཁྱོད་ཀྱི་གཡེམ་སྤྱོད་མཚམས་བཅད་དེ། ཁྱོད་ཀྱིས་མི་གཡེམ་སྦྱོར་བྱེད་དུ་བསླུ་བའི་རྔན་པ་དེ་སླར་མི་ལ་སྦྱིན་པར་མི་འགྱུར་རོ། །
42
དེ་ལྟར་བྱས་ན་ཁྱོད་ཀྱི་སྟེང་དུ་ལངས་པའི་ངའི་ཁོང་ཁྲོ་དེ་ཞི་ཞིང་། ངའི་ཞེ་སྡང་ཡང་ཁྱོད་དང་བྲལ་ནས། ང་རང་ཞི་བར་གནས་ཤིང་སླར་ཡང་ཁྲོ་བར་མི་འགྱུར།
43
གང་ལ་ཞེ་ན། ཁྱོད་ཀྱིས་རང་གི་ན་ཆུང་གི་དུས་ལ་རྗེས་དྲན་མི་བྱེད་པར། ད་དུང་དོན་དེ་ཐམས་ཅད་ཀྱི་ཁར་ང་རང་ཁྲོ་རུ་བཅུག་པས། ལྟོས་དང་། ཁྱོད་ཀྱིས་སྤྱད་པ་བཞིན་དུ་ངས་ཁྱོད་ལ་ལན་འཇལ་ལོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །ཁྱོད་ཀྱི་ཞེན་ལོག་གི་དོན་རྣམས་ལས་གཞན་ཁྱོད་ཀྱིས་ད་དུང་ལོག་གཡེམ་གྱི་སྐྱུག་བྲོ་བའི་ལས་སྤྱད་པ་མ་ཡིན་ནམ།
44
ལྟོས་དང་། ཁ་དཔེ་འདྲེན་མཁན་རྣམས་ཀྱིས་ཁ་དཔེ་འདི་དྲངས་ཏེ་ཁྱོད་ལ། མ་གང་འདྲ་ཡིན་ན་བུ་མོའང་དེ་འདྲ་ཡིན་ཞེས་སྨྲ་བར་འགྱུར།
45
ཁྱོད་ནི་དངོས་གནས་རང་གི་ཁྱོ་ག་དང་བུ་ཕྲུག་རྣམས་འདོར་མཁན་གྱི་མ་ཡི་བུ་མོ་དང་། ཁྱོད་ནི་དངོས་གནས་རང་གི་ཁྱོ་ག་དང་བུ་ཕྲུག་རྣམས་འདོར་མཁན་གྱི་ལྕམ་སྲིང་གི་ཨ་ཅེ་དང་སྲིང་མོ་སྟེ། ཁྱོད་ཚོའི་མ་ནི་ཧེད་པ་དང་ཁྱོད་ཚོའི་ཕ་ནི་ཨེ་མོར་པ་ཡིན།
46
ཁྱོད་ཀྱི་གཅེན་མོ་ནི་སཱ་མར་ཡ་སྟེ། མོ་དང་མོའི་བུ་མོ་རྣམས་ནི་ཁྱོད་ཀྱི་བྱང་ཕྱོགས་སུ་གནས་ཤིང་། ཁྱོད་ཀྱི་སྲིང་མོ་ནི་སཱ་དོམ་ཡིན་ཏེ། མོ་དང་མོའི་བུ་མོ་རྣམས་ནི་ཁྱོད་ཀྱི་ལྷོ་ཕྱོགས་སུ་གནས་པའོ། །
47
ཁྱོད་ཀྱིས་དེ་ཚོས་སྤྱོད་པ་བཞིན་དུ་སྤྱད་པ་དང་། དེ་དག་གིས་ཞེན་ལོག་གི་དོན་སྤྱད་པ་བཞིན་དུ་སྤྱད་པར་མ་ཟད། ད་དུང་ཁྱོད་ཀྱིས་དེ་རྣམས་དོན་ཆུང་བར་བརྩིས་ཤིང་། ཁྱོད་ཀྱིས་སྤྱད་པའི་ལས་ཐམས་ཅད་ནི་དེ་ལས་ཀྱང་ཐུ་བ་ཡིན།
48
བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ཁྱོད་ཀྱི་སྲིང་མོ་སཱ་དོམ་དང་མོའི་བུ་མོ་རྣམས་ཀྱིས་ཀྱང་ཁྱོད་དང་ཁྱོད་ཀྱི་བུ་མོ་རྣམས་ཀྱིས་སྤྱད་པ་བཞིན་དུ་མ་སྤྱད་དོ་ཞེས་གཙོ་བོ་ཡ་ཝཱེས་གསུངས།
49
དེ་ཡང་ཁྱོད་ཀྱི་སྲིང་མོ་སཱ་དོམ་གྱི་སྡིག་ཉེས་ནི་འདི་ལྟ་སྟེ། མོ་དང་མོའི་བུ་མོ་རྣམས་ནི་ང་རྒྱལ་ཆེ་ཞིང་རང་རློམ་མཐོ་བ་སྟེ། འབྲུ་རིགས་མོད་པོ་ཡོད་ཅིང་འཚོ་བ་སྐྱིད་ནའང་། ཉམ་ཐག་པའི་མི་དང་དབུལ་ཕོངས་རྣམས་ལ་རོགས་རམ་མ་བྱས་སོ། །
50
དེ་དག་རང་སྣང་མཐོ་ཞིང་ང་རྒྱལ་ཆེ་བ་དང་། ངའི་མདུན་དུ་ཞེན་ལོག་གི་ལས་སྤྱད་པ་ངས་མཐོང་བས་དེ་རྣམས་མེད་པར་བྱས་པ་ཡིན།
51
སཱ་མར་ཡ་ཡིས་ཁྱོད་ཀྱི་སྡིག་པའི་ཕྱེད་ཀ་ཙམ་ཡང་མ་བྱས་ལ། ཁྱོད་ཀྱིས་ཞེན་ལོག་གི་ལས་སྤྱད་པ་ནི་དེ་ལས་ཀྱང་མང་སྟེ། ཐ་ན་ཁྱོད་ཀྱིས་སྤྱད་པའི་ཞེན་ལོག་གི་དོན་རྣམས་དང་བསྡུར་ན་ཁྱོད་ཀྱི་ལྕམ་སྲིང་དག་ནི་དྲང་བདེན་དུ་མངོན་པ་ཡིན།
52
ཁྱོད་ཀྱིས་རང་གི་ལྕམ་སྲིང་རྣམས་ནི་རང་ཉིད་ལས་དྲང་བདེན་དུ་མངོན་པར་བྱས་ན། ཁྱོད་ཀྱིས་རང་གི་ངོ་ཚ་འཁུར་དགོས་ཏེ། གང་ལ་ཞེ་ན། ཁྱོད་ཀྱིས་སྤྱད་པའི་སྡིག་པ་ནི་དེ་དག་ལས་ཀྱང་སྐྱུག་བྲོ་བ་ཡིན་ཞིང་། དེ་དག་ཁྱོད་དང་བསྡུར་ན་དྲང་བདེན་ཡིན། ཁྱོད་ཀྱིས་རང་གི་ལྕམ་སྲིང་རྣམས་དྲང་བདེན་དུ་མངོན་པར་བྱས་པས། ཁྱོད་ནི་ངོ་ཚ་བར་འགྱུར་ཞིང་རང་གི་ངོ་ཚ་འཁུར་དགོས་སོ། །
53
ངས་སཱ་དོམ་དང་མོའི་བུ་མོ་རྣམས་དང་། སཱ་མར་ཡ་དང་མོའི་བུ་མོ་རྣམས་ནི་དཀའ་བའི་གནས་ལས་ཕྱིར་ལོག་ཏུ་འཇུག་ཅིང་། ངས་ཁྱོད་རྣམས་ཀྱང་དེ་དག་དང་མཉམ་དུ་ཕྱིར་ལོག་ཏུ་བཅུག་ནས།
54
ཁྱོད་ལ་རང་གི་ངོ་ཚ་འཁུར་བར་བྱ་ཞིང་། ཁྱོད་ཀྱིས་སྤྱད་པའི་ལས་ཐམས་ཅད་ཀྱི་དབང་གིས་དེ་ཚོར་སེམས་གསོ་འཐོབ་པ་དང་། དེ་ནས་ཁྱོད་ངོ་ཚ་བར་འགྱུར་རོ། །
55
ཡང་ཁྱོད་ཀྱི་སྲིང་མོ་སཱ་དོམ་དང་མོའི་བུ་མོ་རྣམས་ནི་སྔར་བཞིན་གནས་ཤིང་། སཱ་མར་ཡ་དང་མོའི་བུ་མོ་རྣམས་ཀྱང་སྔར་བཞིན་གནས་པར་འགྱུར་ལ། ཁྱོད་དང་ཁྱོད་ཀྱི་བུ་མོ་རྣམས་ཀྱང་སྔར་བཞིན་གནས་པར་འགྱུར།
56
ཁྱོད་རང་ང་རྒྱལ་ཆེ་ཞིང་རང་སྣང་མཐོ་བའི་དུས་སུ། ཁྱོད་ཀྱི་སྲིང་མོ་སཱ་དོམ་ནི་ཁྱོད་ཀྱི་ངག་གི་དགོད་གཞི་རུ་གྱུར་པ་མ་ཡིན་ནམ།
57
དུས་དེར་ཁྱོད་ཀྱི་ངན་སྤྱོད་རྣམས་ད་དུང་ཕྱི་རུ་མ་མངོན་ནའང་། ད་ལྟ་ཁྱོད་ནི་ཨ་རམ་གྱི་བུ་མོ་རྣམས་དང་ཕྱོགས་བཞིའི་མི་རྣམས་དང་། ཕེ་ལེ་ཤེད་ཀྱི་བུ་མོ་རྣམས་ཀྱི་འཕྱ་དགོད་བྱེད་ཡུལ་དུ་གྱུར་པ་དང་། ཁྱོད་ཀྱི་མཐའ་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཁྱོད་ལ་མཐོང་ཆུང་བྱེད་པའོ། །
58
ཁྱོད་ཀྱིས་རང་གི་ལོག་གཡེམ་དང་ཞེན་ལོག་གི་ལས་སྤྱད་པའི་མཇུག་འབྲས་རྣམས་འཁུར་དགོས་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། །
59
ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་མནའ་ཚིག་ལ་མཐོང་ཆུང་བྱེད་ཅིང་ཁ་ཆད་འདོར་མཁན་ཁྱོད་ལ། ངས་ཁྱོད་ཀྱིས་གང་ཞིག་སྤྱད་པ་དེ་བཞིན་དུ་ལན་འཇལ་བར་བྱའོ། །
60
ཡིན་ཡང་ངས་ད་དུང་ཁྱོད་རང་གཞོན་དུས་སུ་ཁྱོད་ལ་བཞག་པའི་ཁ་ཆད་དེ་དྲན་ཞིང་། ཁྱོད་ལ་དུས་གཏན་གྱི་ཁ་ཆད་ཅིག་འཇོག་པར་བྱ།
61
དེ་ནས་ཁྱོད་ཀྱིས་རང་གི་གཅེན་མོ་དང་སྲིང་མོ་དང་ལེན་བྱེད་དུས་སུ། རང་གིས་སྤྱད་པའི་ལས་རྣམས་དྲན་ཏེ་ངོ་ཚ་བར་འགྱུར་ལ། ངས་དེ་ཚོ་ནི་ཁྱོད་ལ་བུ་མོ་རུ་གནང་ཡང་། འདི་ནི་ངས་ཁྱོད་ལ་བཞག་པའི་ཁ་ཆད་གཞིར་བཟུང་བ་མ་ཡིན་ནོ། །
62
ངས་ཁྱོད་ལ་བཞག་པའི་ཁ་ཆད་དེ་བརྟན་པོར་བྱེད་ཅིང་། ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ལ།
63
ངས་ཁྱོད་ཀྱིས་ཅི་བྱས་ཐམས་ཅད་ལ་གུ་ཡངས་གཏོང་བའི་ཚེ། ཁྱོད་ཀྱིས་ཕྱིར་དྲན་བྱེད་ཅིང་ངོ་ཚ་བར་འགྱུར་ཏེ། ཡང་རང་ཉིད་ལ་ངོ་ཚ་ཐེབས་པའི་རྐྱེན་གྱིས་ད་ནི་ངག་བསྡམ་པར་བྱའོ་གསུངས་ཞེས་སྨྲོས་ཤིག་ཅེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
← Chapter 15
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 25
Chapter 26
Chapter 27
Chapter 28
Chapter 29
Chapter 30
Chapter 31
Chapter 32
Chapter 33
Chapter 34
Chapter 35
Chapter 36
Chapter 37
Chapter 38
Chapter 39
Chapter 40
Chapter 41
Chapter 42
Chapter 43
Chapter 44
Chapter 45
Chapter 46
Chapter 47
Chapter 48
Chapter 17 →
All chapters:
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48