bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian NTB (བོད་འགྱུར་གསར་མ།)
/
Joshua 10
Joshua 10
Tibetian NTB (བོད་འགྱུར་གསར་མ།)
← Chapter 9
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 11 →
1
ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་ཨ་དོ་ནི་ཚེ་དེག་གིས། ཡོ་ཤུ་ཨ་ཡིས་ཨེ་ཡུ་གྲོང་ཁྱེར་བཅོམ་ནས་རྩ་མེད་དུ་བཏང་བ་དང་། ཡེ་རུ་ཀོ་དང་དེའི་རྒྱལ་པོ་ལ་ཇི་ལྟར་བྱས་པ་བཞིན་དུ་ཨེ་ཡུ་གྲོང་ཁྱེར་དང་དེའི་རྒྱལ་པོ་ལའང་དེ་ལྟར་བྱས་པ་ཐོས་ཤིང་། གིབ་ཡོན་གྱི་མི་རྣམས་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་དམ་བཅས་ནས་ཁོ་ཚོའི་ཁྲོད་དུ་གནས་པ་ཡང་ཐོས་ཏེ།
2
གིབ་ཡོན་ནི་རྒྱལ་ས་ལྟ་བུའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་ཨེ་ཡུ་གྲོང་ཁྱེར་ལས་ཀྱང་ཆེ་བར་མ་ཟད། གྲོང་ཁྱེར་ནང་གི་མི་ཐམས་ཅད་དཔའ་རྒོད་ཡིན་པས་ཡེ་རུ་སཱ་ལེམ་པ་རྣམས་ཤིན་ཏུ་འཇིགས་སོ། །
3
དེའི་ཕྱིར་ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་ཨ་དོ་ནི་ཚེ་དེག་གིས་ཧེབ་རོན་གྱི་རྒྱལ་པོ་ཧོ་ཧམ་དང་། ཡར་མུད་ཀྱི་རྒྱལ་པོ་པིར་ཨམ། ལཱ་ཀི་སིའི་རྒྱལ་པོ་ཡ་ཕི་ཨ། ཨེག་ལོན་གྱི་རྒྱལ་པོ་དི་བིར་བཅས་བཞི་པོའི་མདུན་དུ་མི་མངགས་ནས་དེ་རྣམས་ལ་འདི་ལྟར།
4
ང་ཚོས་གིབ་ཡོན་ལ་འཐབ་འཛིང་བྱེད་པའི་ཕྱིར་ཁྱེད་རྣམས་ཡར་ངེད་ཅག་ལ་རོགས་བྱེད་དུ་འོང་བར་མཛོད་ཅིག ཅི་ལ་ཞེ་ན། ཁོ་རྣམས་ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ལ་འགྲིག་མཐུན་བྱུང་བ་རེད་ཅེས་སྨྲས་པ་དང་།
5
དེ་ནས་ཨེ་མོར་པའི་རྒྱལ་པོ་རྣམས་ཏེ། ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་དང་། ཧེབ་རོན་གྱི་རྒྱལ་པོ། ཡར་མུད་ཀྱི་རྒྱལ་པོ། ལཱ་ཀི་སིའི་རྒྱལ་པོ། ཨེག་ལོན་གྱི་རྒྱལ་པོ་བཅས་ལྔ་པོ་འཛོམས་ནས་ཁོ་ཚོའི་དམག་དཔུང་ཐམས་ཅད་ཁྲིད་དེ་ཡར་སོང་ཞིང་། གིབ་ཡོན་གྱི་ཁ་གཏད་དུ་སྒར་བརྒྱབ་ནས་གི་པེ་ཨོན་ལ་དམག་བརྒྱབ།
6
དེར་གིབ་ཡོན་པ་རྣམས་ཀྱིས་གིལ་གལ་ལ་ཡོད་པའི་སྒར་དུ་ཡོ་ཤུ་ཨའི་རྩར་མི་མངགས་ཏེ། རི་ཁུལ་དུ་སྡོད་པའི་ཨེ་མོར་པའི་རྒྱལ་པོ་རྣམས་མཉམ་དུ་འདུས་ནས་ངེད་རྣམས་ལ་དམག་བརྒྱབ་པས། ཁྱེད་ཀྱིས་རང་གི་གཡོག་པོ་རྣམས་མི་བསྐྱུར་བར་མྱུར་བ་མྱུར་དུ་ཡར་ངེད་རྣམས་སྐྱོབ་ཏུ་ཕེབས་ནས། ངེད་རྣམས་ལ་རོགས་རམ་མཛད་པར་ཞུ་ཞེས་སྨྲས།
7
དེ་ནས་ཡོ་ཤུ་ཨ་དང་ཁོའི་དམག་མི་ཐམས་ཅད། དེར་མ་ཟད་ནུས་སྟོབས་ཆེན་པོའི་དཔའ་རྒོད་དང་བཅས་པ་གིལ་གལ་ནས་ཡར་ཕྱིན་པ་དང་།
8
དཀོན་མཆོག་ཡ་ཝཱེས་ཡོ་ཤུ་ཨ་ལ་འདི་སྐད་དུ། བདག་གིས་ཁོ་རྣམས་ཁྱོད་ཀྱི་ལག་ཏུ་སྤྲད་ཟིན་པ་དང་། ཁོ་རྣམས་ཀྱི་ཁྲོད་དུ་ཁྱོད་ཀྱི་མདུན་དུ་ཚུགས་ཐུབ་མཁན་གཅིག་ཀྱང་མེད་པས་ཁོ་ཚོར་མ་འཇིགས་ཤིག་ཅེས་གསུངས་པ་དང།
9
ཡོ་ཤུ་ཨ་མཚན་བརྒལ་ཏེ་གིལ་གལ་ནས་ཡར་ཕྱིན་ཅིང་གློ་བུར་ཉིད་ལ་ཁོ་ཚོའི་རྩར་སླེབས།
10
དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ཡེས་ར་ཨེལ་གྱི་མདུན་དུ་མགོ་རྙོག་པར་མཛད། ཡོ་ཤུ་ཨ་ཡིས་གིབ་ཡོན་ནས་ཁོ་རྣམས་ཕམ་པར་བརྒྱབ་པ་དང་། པེད་ཧོ་རོན་གྱི་ལ་ངོས་སུ་ཁོ་རྣམས་ལ་འཐབ་ནས་ཨ་ཟེ་ཀཱ་དང་མག་ཀེ་དཱ་བར་དུ་སླེབས།
11
ཁོ་རྣམས་ཡེས་ར་ཨེལ་པའི་མདུན་ནས་བྲོས་ཤིང་པེད་ཧོ་རོན་ནས་ཐུར་ལ་འབབ་པའི་དུས་སུ། ཨ་ཟེ་ཀཱ་ལ་སླེབས་རག་བར་དུ་དཀོན་མཆོག་ཡ་ཝཱེས་ནམ་མཁའ་ནས་དེ་རྣམས་ཀྱི་སྟེང་དུ་སེར་བ་ཆེན་པོ་ཕབ་ནས་ཁོ་རྣམས་བསད་དོ། །སེར་བས་བསད་པ་ནི་ཡེས་ར་ཨེལ་པ་རྣམས་ཀྱིས་གྲི་ཡིས་བསད་པ་ལས་ཀྱང་མང་ངོ་། །
12
དཀོན་མཆོག་ཡ་ཝཱེས་ཨེ་མོར་པ་རྣམས་ཡེས་ར་ཨེལ་པ་རྣམས་ལ་སྤྲད་པའི་ཉིན་མོར། ཡོ་ཤུ་ཨ་ཡིས་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་ཞུས་ཤིང་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་དུ་ཇི་སྐད་དུ། ཉི་མ་ཁྱོད་ནི་གིབ་ཡོན་དུ་འདུག་པར་གྱིས། ཟླ་བ་ཁྱོད་ནི་ཨ་ཡཱ་ལོན་ལུང་པར་སྡོད་ཅིག་ཅེས་སྨྲས།
13
དེ་ནས་འབངས་མི་རྣམས་ཀྱིས་དགྲ་བོ་རྣམས་ལ་དགྲ་ཤ་ལེན་པའི་བར་དུ་ཉི་མ་རང་སོར་ལུས་ཤིང་ཟླ་བ་ཡང་བསྡད། དོན་འདི་ནི་ཡ་ཟ་ཨེར་གྱི་མདོ་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། ཉི་མ་ནམ་མཁའི་དབུས་སུ་ལུས་ནས་ཉིན་གཅིག་ཙམ་གྱི་རིང་ལ་ལམ་སང་མ་ནུབ་ཏོ། །
14
དཀོན་མཆོག་ཡ་ཝཱེས་མི་ཡི་སྨོན་ལམ་ལ་ཉིན་མོ་དེ་བཞིན་གསན་པ་ནི་དེའི་སྔོན་དུ་བྱུང་མ་མྱོང་ལ་རྗེས་སུ་ཡང་བྱུང་མ་མྱོང་བ་སྟེ། ཅི་ལ་ཟེར་ན། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་ཕྱིར་འཐབ་མོ་མཛད་པས་སོ། །
15
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ཕྱིར་གིལ་གལ་གྱི་སྒར་དུ་ལོག་པ་དང་།
16
རྒྱལ་པོ་དེ་ལྔ་པོ་བྲོས་སོང་སྟེ་མག་ཀེ་དཱ་བྲག་ཕུག་ནང་དུ་སྦས་སོ། །
17
མི་ཞིག་གིས་ཡོ་ཤུ་ཨ་ལ། རྒྱལ་པོ་དེ་ལྔ་པོ་རྙེད་ཟིན་ལ། ཐམས་ཅད་མག་ཀེ་དཱ་བྲག་ཕུག་ནང་དུ་སྦས་ཡོད་དོ་ཞེས་སྨྲས།
18
ཡོ་ཤུ་ཨ་ཡིས། ཁྱོད་རྣམས་ཀྱིས་རྡོ་ཕ་བོང་འགའ་བྲག་ཕུག་ཁར་བསྒྲིལ་ནས་མི་མངགས་ཏེ་བསྲུང་བར་གྱིས་ཤིག
19
ཡིན་ནའང་ཁྱོད་རྣམས་ཀྱིས་འགོར་འགྱངས་མི་བྱེད་པར་དགྲ་བོའི་ར་མདར་བརྒྱུགས་ཏེ། རྒྱབ་ལོགས་ནས་ཁོ་རྣམས་ལ་རྒོལ་ཏེ་ཁོ་ཚོ་རང་གི་གྲོང་ཁྱེར་ནང་འགྲོ་རུ་མི་འཇུག་པར་གྱིས། ཅི་ལ་ཟེར་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁོ་ཚོ་ཁྱོད་ཅག་གི་ལག་ཏུ་སྤྲད་ཟིན་པས་སོ། །
20
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་རྣམས་ཡོངས་སུ་རྩ་མེད་དུ་བཏང་བ་དང་། དེ་དག་ལས་ལུས་པ་ཐམས་ཅད་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ནང་དུ་འཛུལ།
21
དེ་ནས་འབངས་མི་རྣམས་བདེ་འཇགས་ངང་མག་ཀེ་དཱ་ཡི་སྒར་དུ་ཡོ་ཤུ་ཨ་ཡོད་སར་ཕྱིར་ལོག་པ་དང་། ཡེས་ར་ཨེལ་པ་རྣམས་ལ་ཚིག་ངན་སྨྲ་ཕོད་མཁན་གཅིག་ཀྱང་མེད་དོ། །
22
ཡོ་ཤུ་ཨ་ཡིས། བྲག་ཕུག་ཁ་ཕྱེས་ལ་རྒྱལ་པོ་དེ་ལྔ་པོ་བྲག་ཕུག་ནས་ཕྱི་རུ་ངའི་མདུན་དུ་ཁྲིད་ཤོག་ཅིག་ཅེས་སྨྲས་པ་ལ།
23
མི་རྣམས་ཀྱིས་དེ་བཞིན་བྱས་ཤིང་། རྒྱལ་པོ་དེ་ལྔ་ནི། ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་དང་། ཧེབ་རོན་གྱི་རྒྱལ་པོ། ཡར་མུད་ཀྱི་རྒྱལ་པོ། ལཱ་ཀི་སིའི་རྒྱལ་པོ། ཨེག་ལོན་གྱི་རྒྱལ་པོ་བཅས་བྲག་ཕུག་ནས་ཕྱི་རུ་བླངས་ཏེ་ཡོ་ཤུ་ཨའི་མདུན་དུ་ཁྲིད་འོངས་སོ། །
24
རྒྱལ་པོ་དེ་ལྔ་པོ་ཕྱིར་ཁྲིད་ནས་ཡོ་ཤུ་ཨ་ཡི་མདུན་དུ་སླེབས་པའི་སྐབས་སུ། ཡོ་ཤུ་ཨ་ཡིས་ཡེས་ར་ཨེལ་པའི་མི་རྣམས་བོས་འོངས་ཞིང་། ཁོ་དང་ལྷན་དུ་ཕྱིན་པའི་དམག་དཔོན་དེ་རྣམས་ལ། ཁྱོད་རྣམས་ཚུར་ཤོག་ལ་རྐང་པ་རྒྱལ་པོ་འདི་རྣམས་ཀྱི་སྐེ་ལ་ཞོག་ཅིག་ཅེས་སྨྲས་པ་ན། ཁོ་རྣམས་ཉེ་སར་བཅར་ནས་རྐང་པ་རྒྱལ་པོ་དེ་རྣམས་ཀྱི་སྐེ་ལ་བཞག
25
ཡོ་ཤུ་ཨས་ཁོ་རྣམས་ལ། ཁྱོད་རྣམས་མ་འཇིགས་མ་འཚབ་ཅིག བློ་རྩ་བརྟན་པོས་སྙིང་རུས་བསྐྱེད་དགོས། ཅི་ལ་ཟེར་ན། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱིས་རྒོལ་བར་འགྱུར་བའི་དགྲ་བོ་ཐམས་ཅད་ལ་འདི་ལྟར་མཛད་ངེས་པས་སོ་ཞེས་གསུངས།
26
དེ་རྗེས་ཡོ་ཤུ་ཨ་ཡིས་རྒྱལ་པོ་དེ་ལྔ་པོར་བརྒྱབ་ནས་བསད་པ་དང་ཤིང་སྡོང་ལྔ་ཡི་སྟེང་དུ་བཀལ་ཞིང་། ཁོ་རྣམས་དགོང་མོའི་བར་དུ་ཤིང་སྡོང་སྟེང་བཀལ་ནས་བཞག
27
ཉི་མ་ནུབ་དུས་སུ་ཡོ་ཤུ་ཨ་ཡིས་བཀའ་བསྒོས་པ་དང་། མི་ཡིས་བེམ་པོ་ཤིང་སྡོང་ལས་མར་བླངས་ཤིང་ཁོ་རྣམས་སྦས་མྱོང་བའི་བྲག་ཕུག་ནང་དུ་འཕངས་ཏེ་རྡོ་ཕ་བོང་འགའ་བྲག་ཕུག་ཁར་བཞག་ཅིང་ད་ལྟའི་བར་དུ་ལུས་སོ། །
28
ཉིན་མོ་དེར་ཡོ་ཤུ་ཨ་ཡིས་མ་ཀེ་དཱ་ཕྲོགས་ཤིང་གྲོང་ཁྱེར་ནང་གི་མི་དང་རྒྱལ་པོ་གྲི་ཡིས་བསད་པ་དང་། དེའི་ནང་གི་མི་ཐམས་ཅད་གཅིག་ཀྱང་མ་བསྐྱུར་བར་རྩ་མེད་དུ་བཏང་། ཁོས་སྔོན་ཆད་ཡེ་རུ་ཀོ་ཡི་རྒྱལ་པོ་ལ་ཇི་ལྟར་བྱས་པ་བཞིན་མག་ཀེ་དཱ་ཡི་རྒྱལ་པོ་ལའང་དེ་ལྟར་བྱས་སོ། །
29
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་མག་ཀེ་དཱ་ནས་ལིབ་ནཱའི་ཕྱོགས་སུ་ཕྱིན་ཅིང་དེ་ལ་དམག་དྲངས་སོ། །
30
དཀོན་མཆོག་ཡ་ཝཱེས་ལིབ་ནཱ་དང་དེའི་རྒྱལ་པོ་ཡང་ཡེས་ར་ཨེལ་པའི་ལག་ཏུ་སྤྲད། ཡོ་ཤུ་ཨ་ཡིས་གྲོང་ཁྱེར་དེ་ལ་དམག་བརྒྱབ་ནས་གྲོང་ཁྱེར་ནང་གི་མི་ཐམས་ཅད་གཅིག་ཀྱང་མ་བསྐྱུར་བར་གྲི་ཡིས་བསད། ཁོས་སྔོན་ཆད་ཡེ་རུ་ཀོ་ཡི་རྒྱལ་པོ་ལ་ཇི་ལྟར་བྱས་པ་བཞིན་ལིབ་ནཱ་ཡི་རྒྱལ་པོ་ལའང་དེ་ལྟར་བྱས་སོ། །
31
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ལིབ་ནཱ་ནས་ལཱ་ཀི་སིའི་ཕྱོགས་སུ་ཕྱིན་ཅིང་། ལཱ་ཀི་སིའི་ཁ་གཏད་དུ་སྒར་བཏབ་ནས་གྲོང་ཁྱེར་དེ་ལ་དམག་དྲངས།
32
དཀོན་མཆོག་ཡ་ཝཱེས་ལཱ་ཀི་སི་ནི་ཡེས་ར་ཨེལ་པའི་ལག་ཏུ་སྤྲད་དོ། །ཉིན་གཉིས་པར་ཡོ་ཤུ་ཨ་ཡིས་ལཱ་ཀི་སི་ཕྲོགས་ཤིང་། ཁོས་ལིབ་ནཱ་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་གྲོང་ཁྱེར་ལ་དམག་བརྒྱབ་ནས་དེའི་ནང་གི་མི་ཐམས་ཅད་གྲིས་བསད།
33
སྐབས་དེར་གེ་ཟེར་གྱི་རྒྱལ་པོ་ཧོ་རམ་ཡར་ལཱ་ཀི་སི་ལ་རོགས་བྱེད་དུ་འོངས་པ་དང་། ཡོ་ཤུ་ཨ་ཡིས་ཁོ་དང་ཁོའི་འབངས་མི་ཐམས་ཅད་ཕམ་པར་བརྒྱབ་ནས་གཅིག་ཀྱང་མ་བསྐྱུར།
34
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ལཱ་ཀི་སི་ནས་ཨེག་ལོན་ཕྱོགས་སུ་ཕྱིན་ཅིང་། ཨེག་ལོན་གྱི་ཁ་གཏད་དུ་སྒར་བཏབ་ནས་གྲོང་ཁྱེར་དེ་ལ་དམག་དྲངས།
35
ཉིན་མོ་དེར་གྲོང་ཁྱེར་ཕྲོགས་ཤིང་གྲོང་ཁྱེར་ལ་དམག་བརྒྱབ་ནས་དེའི་ནང་གི་མི་རྣམས་གྲིས་བསད། ཉིན་མོ་དེར་ཡོ་ཤུ་ཨ་ཡིས་ལཱ་ཀི་སི་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་གྲོང་ཁྱེར་ནང་གི་མི་ཐམས་ཅད་རྩ་མེད་དུ་བཏང་།
36
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ཨེག་ལོན་ནས་ཧེབ་རོན་ཕྱོགས་སུ་ཕྱིན་ཅིང་གྲོང་ཁྱེར་དེ་ལ་དམག་དྲངས།
37
ཧེབ་རོན་དང་དེ་ལ་གཏོགས་པའི་གྲོང་ཚོ་རྣམས་ཕྲོགས་ཤིང་། གྲོང་ཁྱེར་ལ་དམག་བརྒྱབ་ནས་དེའི་རྒྱལ་པོ་དང་གྲོང་ཁྱེར་ནང་གི་མི་ཐམས་ཅད་གཅིག་ཀྱང་མ་བསྐྱུར་བར་གྲིས་བསད། ཁོས་ཨེག་ལོན་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་གྲོང་ཁྱེར་དང་གྲོང་ཁྱེར་ནང་གི་མི་ཐམས་ཅད་རྩ་མེད་དུ་བཏང་།
38
ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་ཕྱིར་དི་བིར་ལ་སླེབས་ཤིང་གྲོང་ཁྱེར་དེ་ལ་དམག་དྲངས།
39
དི་བིར་དང་དེ་ལ་གཏོགས་པའི་གྲོང་ཚོ་རྣམས་ཕྲོགས་ཤིང་། ཡང་དི་བིར་གྱི་རྒྱལ་པོ་གསོན་བཟུང་བྱས་ནས། གྲོང་ཁྱེར་ནང་གི་མི་ཐམས་ཅད་གཅིག་ཀྱང་མ་བསྐྱུར་བར་གྲིས་བསད། ཁོས་སྔར་ཧེབ་རོན་དང་ལིབ་ནཱ། ལིབ་ནཱའི་རྒྱལ་པོ་བཅས་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་དི་བིར་དང་དེའི་རྒྱལ་པོ་ལའང་དེ་ལྟར་བྱས་སོ། །
40
དེ་ལྟར། ཡོ་ཤུ་ཨ་ཡིས་ཡུལ་ཐམས་ཅད་དེ་རི་ཁུལ་དང་ནེ་གུབ་ཡུལ། རི་ཀླུང་། རི་ལྡེབས་བཅས་ཀྱི་མི་རྣམས་དང་ཡུལ་དེ་དག་གི་རྒྱལ་པོ་རྣམས་ལ་དམག་བརྒྱབ་ནས་གཅིག་ཀྱང་མ་བསྐྱུར་བ་དང་། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་བཀའ་བསྒོས་པ་བཞིན་དབུགས་དང་ལྡན་པ་ཐམས་ཅད་བསད་དོ། །
41
ཡོ་ཤུ་ཨ་ཡིས་ཀཱ་དེའེ་ཤཱ་པར་ནེ་ཨ་ནས་དམག་བརྒྱབ་སྟེ་གཱ་ཟཱ་བར་དུ་སླེབས་ཤིང་། ཡང་གོ་ཤེན་ཡུལ་ཐམས་ཅད་ལ་དམག་བརྒྱབ་སྟེ་གིབ་ཡོན་བར་དུ་སླེབས།
42
ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་ཕྱིར་འཐབ་མོ་མཛད་པས། ཡོ་ཤུ་ཨ་ཡིས་དམག་འཐབ་གཅིག་གིས་རྒྱལ་པོ་དེ་རྣམས་ཕམ་པར་བརྒྱབ་པར་མ་ཟད་ཁོ་རྣམས་ཀྱི་ཡུལ་ཡང་ཕྲོགས་པ་རེད།
43
དེ་ནས་ཡོ་ཤུ་ཨ་དང་ཡེས་ར་ཨེལ་པ་རྣམས་གིལ་གལ་གྱི་སྒར་དུ་ཕྱིར་ལོག་གོ །
← Chapter 9
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 14
Chapter 15
Chapter 16
Chapter 17
Chapter 18
Chapter 19
Chapter 20
Chapter 21
Chapter 22
Chapter 23
Chapter 24
Chapter 11 →
All chapters:
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24